རྒྱུད་སྟོད་གྲྭ་ཚང་དུ་སྔགས་ཀྱི་རྩོད་རྒྱུགས་ཆེན་མོ་སྐབས་བརྒྱད་པ་ལེགས་གྲུབ།
རྡ་སའི་ཉེ་འཁོར་དུ་ཡོད་པའི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་འདི་ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་༧སྐུའི་གོ་སྟོན་དང་བསྟུན། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པའི་སྔགས་ཀྱི་རྩོད་རྒྱུགས་ཆེན་མོ་སྐབས་བརྒྱད་པ་དེ་འཚོགས་གནང་འདུག་ཅིང་། རྩོད་རྒྱུགས་ཆེན་མོ་དེའི་ཐོག་ཏུ་འཇམ་མགོན་༧རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་རྣམ་པ་གཉིས་ཆིབས་བསྒྱུར་གནང་འདུག་ཅིང་། ཕྱི་ཚེས་༤ ཉིན་རྩོད་རྒྱུགས་ཆེན་མོ་ལེགས་པར་གྲུབ་གནང་འདུག

ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༣༡ ནས་ཟླ་༡༡ ཚེས་༤ བར་ཉིན་གྲངས་ལྔའི་རིང་དཔལ་གསང་ཆེན་རྒྱུད་སྟོད་གྲྭ་ཚང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་༧སྐུའི་གོ་སྟོན་དང་སྲུང་བརྩི་དང་བསྟུན། ༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་བའི་ཆ་ཤས་སུ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པའི་སྔགས་ཀྱི་རྩོད་རྒྱུགས་ཆེན་མོ་སྐབས་བརྒྱད་པ་དེ་འཚོགས་ཡོད་ཅིང་། མཛད་སྒོའི་སྐབས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༧སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། ༧སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་ངག་དབང་འབྱོར་ལྡན་དཔལ་བཟང་པོ་མཆོག་རྣམ་གཉིས་ཀྱིས་སྣང་གསལ་མར་མེ་ཞལ་དབྱེ་དང། ཤེས་ཡོན་འགན་འཛིན་དགེ་བཤེས་སྔགས་རམས་པ་ངག་དབང་བརྩོན་འགྲུས་ཀྱིས་སྔགས་ཀྱི་རྩོད་རྒྱུགས་ཆེན་མོའི་གྲུབ་འབྲས་སྙན་སྒྲོན་ཞུས་རྗེས། རྒྱུད་སྟོད་མཁན་པོ་གངས་དཀར་རིན་པོ་ཆེ་དང། ཤར་པ་ཆོས་རྗེ་རིན་པོ་ཆེ། དགའ་ལྡན་ཁྲི་རིན་པོ་ཆེ། རྒྱུད་སྟོད་བླ་མ་དབུ་མཛད་རིན་པོ་ཆེ་ཁང་སར་སྤྲུལ་སྐུ་བཅས་ཀྱིས་སྔགས་གི་རྩོད་རྒྱུགས་ཆེན་མོ་དང་འབྲེལ་ནས་བཀའ་སློབ་གསུང་བཤད་གནང་ཡོད་འདུག

སྔགས་ཀྱི་རྩོད་རྒྱུགས་ཆེན་མོ་དེ་ཕྱི་ལོ་༢༠༠༥ ནས་འགོ་བཙུགས་ཤིང་ལོ་གསུམ་རེའི་མཚམས་ལ་འཚོགས་ཤིང༌། ད་བར་ཐེངས་བརྒྱད་ཚོགས་ཡོད། རྒྱུགས་བཞེས་མཁན་ཁོངས་དགའ་ལྡན་ཤར་རྩེ་དང་འབྲས་སྤུངས་སྒོ་མང་གཉིས་ཀྱི་མཁན་པོ་རྣམ་གཉིས་དང་། གཞན་གདན་ས་སོ་སོའི་མཁན་ཚབ་ཕེབས་ཡོད་འདུག རྩོད་རྒྱུགས་ཆེན་མོ་ཐེངས་བརྒྱད་པའི་ནང་དགེ་བཤེས་ལྷ་རམས་པ་༡༣༡ རྒྱུགས་འཕྲོད་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།
