རྟའུ་རྫོང་ཉི་མཚོ་དགོན་པའི་གྲྭ་པ་ཞིག་འཇུ་བཟུང་།

དགའ་བྱང་ཏྲེ་ཧོར་ཁང་ཚན་གྱི་གྲྭ་ཡ་མ་ཚེ་རིང་གིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། འདི་ལོའི་ཟླ་བ་༥ ཚེས་༡༦ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༨།༢༠ ཡས་མས་ཞིག་ལ་མདོ་ཁམས་ཏྲེ་ཧོར་རྟའུ་རྫོང་ཉི་མཚོ་དགོན་པའི་ནང་བསྟན་གཙུག་ལག་སློབ་གྲྭའི་གྲྭ་བྱམས་པ་དགེ་ལེགས་རྟའུ་རྣམ་རྒྱལ་མཆོད་རྟེན་གྱི་གླིང་གའི་འགྲམ་ན་འགྲོ་བཞིན་པའི་སྐབས་སུ། གློ་བུར་དུ་རྒྱ་ནག་གཞུང་ཉེན་རྟོག་པས་རྒྱུ་མཚན་སོགས་ཅི་ཡང་གསལ་བཤད་མ་བྱས་པར་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

ཉིན་དེའི་མཚན་མོར་ཉེན་རྟོག་པས་གྲྭ་བྱམས་པ་དགེ་ལེགས་དར་རྩེ་མདོའི་བཙོན་ཁང་དུ་ཁྲིད་ནས་བཀག་ཉར་བྱས་བྱས་ཡོད་པ་དང་།   དེ་བཞིན་མཚན་མོའི་བོད་ནང་ཆུ་ཚོད་བཅུ་པ་ཙམ་ལ་ཉེན་རྟོག་པ་ཕོན་ཆེན་པོ་ཡོང་ནས་གྲྭ་བྱམས་པ་དགེ་ལེགས་ཀྱི་གྲྭ་ཤག་ནང་དུ་འཛུལ་ནས་སྔོག་བཤེར་ཡང་བྱས་འདུག

འཛིན་བཟུང་བྱས་དགོས་པའི་གནས་ཚུལ་གཙོ་བོ་བོད་ནང་བཤད་སྟངས་ལ་གཞིར་བཞག་ན་གྲྭ་བྱམས་པ་དགེ་ལེགས་ཀྱི་གྲྭ་ཤག་ཏུ་བོད་ཀྱི་རྒྱལ་དར་བསྒྲེངས་པའི་འདྲ་པར་ཆེན་པོ་ཞིག་ཡོད་པའི་དེའི་མདུན་ནས་རང་གིས་པར་བརྒྱབ་ཡོད་པ་དང་གཅིག  ཡང་ཁོང་གིས་དེའི་སྔོན་ལ་ངས་བོད་བསྟན་སྲིད་ཀྱི་ཆེད་དུ་ལུས་མཆོད་མེའི་ཚུལ་དུ་མེར་སྲེག་གི་ཡིན་ལབ་པས་ནང་མིས་བཀག་འགོག་བྱས་འདུག་པས་དེའི་རྐྱེན་གྱིས་འཛིན་བཟུང་བཀག་ཉར་བྱས་ཡོད་སྐོར་བརྗོད་བཞིན་འདུག

གྲྭ་བྱམས་པ་དགེ་ལེགས་ནི་རང་ལོ་ ༢༣ དང་།    རྟའུ་རྫོང་མ་ཟུར་ཡུལ་ཚོ་རྫི་ཡ་གྲོང་པ་ནས་ཡིན་འདུག      ཁོང་གི་ཕ་མིང་ལ་ཚེ་རིང་དང་། མ་མིང་ལ་སྒྲོན་ལི་ཟེེར་གྱི་ཡོད།  ཁོང་གཉིས་ལ་བུ་གཉིས་དང་བུ་མོ་གཅིག་བཅས་གསུམ་ཡོད་པའི་ནང་ནས་བུ་ཆེ་ཤོས་དེ་ཡིན་ལ་དང་།     ཁོང་ནི་རྒྱུན་དུ་བོད་ཀྱི་སྐད་ཡིག་ལ་དོན་གཉེར་ཆེ་ཞིང་ལ་རྒྱ་ཅན་གྱི་གྲྭ་བ་སྡོམ་གཙང་ཞིག་ཡིན་པ་མ་ཟད།  གཞན་ཕན་ཅན་གྱི་ཉམས་ཆུང་གྲྭ་རྐྱང་ཞིག་ཀྱང་ཡིན་པར་ཁོང་གི་སློབ་གྲོགས་ཀུན་གྱིས་ཞལ་མཐུན་པར་གསུངས་བཞིན་འདུག།   ཁོང་ཆུང་དུས་ནས་མདོ་ཁམས་རྟའུ་ཉི་མཚོ་དགོན་དུ་ཞུགས་ནས་ལོ་བཅུ་ཕྲག་རིང་ལ་སུམ་རྟགས་དག་གསུམ་དང་མཚན་ཉིད་སོགས་ལ་ཚུལ་བཞིན་དུ་འབད་བརྩོན་བྱེད་མཁན་གྱི་གྲྭ་རྐྱང་ཞིག་ཡིན་ལ།  ཉི་མཚོ་དགོན་གྱི་སློབ་གྲྭར་གུང་སེང་གཏོང་སྐབས་རང་མོས་ནས་བོད་ཕྲུག་ཚོར་བོད་ཀྱི་སྲོལ་རྒྱུན་དང་སྐད་ཡིག་སོགས་བསླབས་ཀྱི་ཡོད་པ་རེད་འདུག  ད་ལྟའི་ཆར་གནས་ཚུལ་དེ་ཙམ་ལས་རྙེད་སོན་བྱུང་མེད་སྐོར་འགྲེལ་བརྗོད་གནང་སོང་།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།