རྡ་སར་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཐེངས་༦༤ པ་སྲུང་བརྩི་ཞུས་སོང་།

ཟླ་༣ པའི་ཚེས་༡༠ ཉིན་བཞུགས་སྒར་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག བོད་མིའི་རང་དབང་སྒེར་ལངས་དུས་དྲན་ཐེངས་༦༤ པའི་མཛད་སྒོ་འཚོགས་གནང་སོང་བ་དང་། སྐབས་དེར་སྐུ་ཞབས་མི་ཀུ་ལ་པེཀ་སཱ་དབུས་པའི་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་དང་ཕྱག་རོགས་ལས་བྱེད། མེཀ་སི་ཀོའི་སྐུ་ཞབས་སལ་ཝ་ཌོར་ཁ་རོ་དབུས་པའི་གྲོས་ཚོགས་འཐུས་མི་ ༩ ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ། ལི་ཐུའི་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རུ་ན་སི་ཝ་ལིན་སི་ཀསི་དང་། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་ཡོངས་མང་གཙོ་ཐེབས་རྩའི་གཙོ་འཛིན་སྐུ་ཞབས་ཌེ་མོན་ཝིལ་སོན་བཅས་ཕེབས་འདུག

བཀའ་ཤག་གི་གསུང་བཤད་ནང་དུ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་རྒྱ་ནག་གཞུང་ལ་བོད་ཀྱི་མ་འོངས་གནས་བབས་སྐོར་གོ་བསྡུར་སྦྱངས་བཤད་བརྒྱུད་གཉིས་མོས་ཀྱི་ཐབས་ལམ་ཞིག་རྙེད་པའི་རེ་བ་འཆང་བཞིན་པ་དང་། དེ་ཡང་ཕན་ཚུན་འདྲ་མཉམ་དང༌། བརྩི་མཐོང་མཛའ་མཐུན། བོད་རྒྱ་གཉིས་ཕན། རྒྱུན་གནས་ཐུབ་པ་བཅས་ཀྱི་ཐབས་ལམ་བརྒྱུད་གོ་བསྡུར་སྦྱངས་བཤད་བྱ་རྒྱུར་གྲ་སྒྲིག་ཨང་བསར་ཡོད་ལ། ལྷག་པར་དུ་བོད་མི་རིགས་རྩ་མེད་གཏོང་བའི་རྒྱ་ནག་དམར་གཞུང་གི་ནོར་འཁྲུལ་སྲིད་བྱུས་འཕྲལ་དུ་མཚམས་འཇོག་དང་ཡོ་བསྲང་ཡོང་བའི་སྐུལ་འདེབས་བྱེད་ཀྱི་ཡོད། ཟླ་བ་སྔོན་མའི་ནང་། ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་མའེ་ཁེལ་མེཀ་ཀཽལ་ (Michael McCaul) ལགས་དང་། མང་གཙོ་ཚོགས་པའི་འཐུས་མི་ཇིམ་མེཀ་གོ་ཝེན་ (Jim McGovern) ལགས། གྲོས་ཚོགས་གོང་མའི་མང་གཙོ་ཚོགས་པའི་འཐུས་མི་ཇེཕ་མེརཀ་ལེ་ (Jeff Merkley) ལགས་དང་། སྤྱི་མཐུན་ཚོགས་པའི་འཐུས་མི་ཊོཌ་ཡངྒ་ (Todd Young) ལགས་བཅས་ནས་གྲོས་ཚོགས་གོང་འོག་སོ་སོར་སྲིད་དོན་ཚོགས་པ་ཐུན་མོང་ཐོག་བོད་རྒྱའི་རྩོད་རྙོག་ཞི་འགྲིག་ལ་སྐུལ་འདེད་ཀྱི་ཁྲིམས་འཆར་ཞིག་བསྐྱར་འདོན་གནང་བ་དང་། སྔ་ལོ་ཕྱི་ཟླ་ ༡༢ པའི་ཚེས་ ༡༤ ཉིན། ཁེ་ན་ཌ་གྲོས་ཚོགས་སུ་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ལ་སྐུལ་འདེད་ཀྱི་གྲོས་ཆོད་འཇོག་ཐུབ་ཡོད་པ་བཅས་ནི་སེམས་ཤུགས་འཕེལ་གཞི་ཞིག་ཡིན་ཞིང་། བོད་ཀྱི་ལོ་རྒྱུས་གནས་བབས་དང་། ཛ་དྲག་གནས་སྟངས་ལ་དངོས་ཡོད་དང་མཐུན་པའི་ངོས་འཛིན་གནང་སྟེ་ཞི་འགྲིག་ལ་མངོན་དུ་ཕྱོགས་པའི་ཁྲིམས་འཆར་དང་། གྲོས་ཆོད་འདི་དག་གིས་བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་ལ་གདེང་འཇོག་དང་། བོད་དོན་བདེན་མཐའ་གསལ་བར་དོན་ཕན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུར་གདོན་མི་ཟ་ཅེས་དང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས་ཡིན་པ་ཙམ་དུ་མ་ཟད། འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་དང་། ཆོས་ལུགས་མཐུན་འབྲེལ། བོད་ཀྱི་ཆོས་རིག་འཛིན་སྐྱོང་། རྒྱ་གར་གྱི་གནའ་བོའི་དཔལ་ཡོན་བསྐྱར་གསོ་བཅས་མཛད་ཁུར་བཞི་བདག་གིར་བཞེས་མཁན་འཇིག་རྟེན་འདིར་སྤྱི་ཡོངས་ཀྱིས་བཀུར་བའི་དབུ་ཁྲིད་འགྲན་ཟླ་བྲལ་བ་ཞིག་ཡིན་པས། རྒྱ་གཞུང་གིས་མགོན་པོ་མཆོག་ལ་ཁ་བྲལ་རིང་ལུགས་པ་སོགས་དཀར་ནག་ཕྱིན་ཅི་ལོག་པའི་བསྙོན་འཛུགས་དང་། མགོན་པོ་གང་གི་འཇིག་རྟེན་སྤྱི་སྨན་གྱི་མཛད་འཕྲིན་ལ་བར་དུ་གཅོད་པའི་གཏམ་སྤྱོད་སྤེལ་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ལྷག་པར་དུ་རྒྱ་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རིགས་དབར་གྱི་ལོ་རྒྱུས་དང་། ད་ཡོད་གནས་སྟངས་ངོ་མར་དྲང་ཕྱོགས་ཀྱི་ངོས་འཛིན་གསལ་པོ་བྱེད་མ་ཐུབ་ཚེ། བོད་རྒྱའི་དཀའ་རྙོག་སེལ་བའི་དོན་དམ་གྱི་ལྡེ་མིག་བརླགས་ཉེན་ཡོད་ཅེས་སོགས་གསུངས་འདུག 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་དུ། རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་དང་མི་རིགས་དབྱེ་འབྱེད་ཀྱི་གཉའ་གནོན་ལ་གཞིས་བཞུགས་བོད་མི་རྣམས་ཀྱིས་མགོ་བོ་ནམ་ཡང་མི་སྒུར་བར་ཞུམ་པ་མེད་པའི་སྙིང་སྟོབས་ཆེར་བསྐྱེད་ཐོག་ནས་ཞི་བའི་ལས་འགུལ་སྤེལ་བ་རྣམས་ཆུད་ཟོས་སུ་མི་འགྲོ་བ་དང་། རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་བོད་དོན་ཐོག་རྒྱབ་སྐྱོར་ཡོད་པའི་ཁྲིམས་གཞི་དང་གྲོས་ཆོད་རིམ་པར་བཞག་པ་དང་། བསྒྲགས་གཏམ། སེམས་འཚབ་ཡོད་པའི་གཏམ་བཤད་གནང་བ་སོགས་ཀྱིས་མཚོན་རྒྱ་ནག་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་ནས་བོད་ནང་གི་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་དགོས་པའི་རེ་འདུན་དང་། གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་འབྲེལ་མོལ་ཡོང་ཆེད་རྒྱ་གཞུང་གིས་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་ཡོད་ལ། ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་ཡོང་བ་དང་། བོད་དོན་གྱི་དཀའ་རྙོག་སེལ་ཐབས་སུ་གྲོས་མོལ་ལ་ང་ཚོའི་ངོས་ནས་ཆོད་སེམས་ལ་འགྱུར་བ་གང་ཡང་མེད་པར་བརྟེན། རྒྱ་གཞུང་གི་དབང་འཛིན་པ་ཚོས་གོ་སྐབས་དམ་འཛིན་གྱིས་བོད་རྒྱ་འབྲེལ་མོལ་མྱུར་དུ་མཐུད་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད་ཅེས་སོགས་གསུངས་འདུག 

དམིགས་བསལ་སྐུ་མགྲོན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་ཡོངས་མང་གཙོ་ཐེབས་རྩའི་གཙོ་འཛིན་སྐུ་ཞབས་ཌེ་མོན་ཝིལ་སོན་གྱིས། བོད་མི་ཚོས་མི་ལོ་༦༤ ཡི་རིང་བཙན་བྱོལ་དུ་གྱར་དགོས་བྱུང་ཡང་། འཚེ་མེད་ཞི་བ་དང་དྲང་བདེན། རང་ཚུགས་བརྟན་པོ་སོགས་ཀྱི་ཐོག་ནས་གནས་ཡོད་པས་དམིགས་དཔེ་ལྟ་འོས་པ་ཞིག་ཡིན་པ། དེ་བཞིན་བཙན་བྱོལ་ནང་དུ་མང་གཙོ་ཡང་དག་པ་ལག་བསྟར་བྱེད་བཞིན་པ་ཡང་དམིགས་དཔེ་བལྟ་འོས་ཞིག་ཡིན་ཁར། བོད་མི་རྣམས་ལ་སུ་གང་ལ་མེད་པ་ཞིག་ཡོད་པ་ནི་༧གོང་ས་མཆོག་ཡིན་པ་དང་། ཁོང་གི་བཀའ་སློབ་ནི་འཛམ་གླིང་ཡོངས་ལ་དགོས་མཁོ་གལ་ཆེན་ཆགས་ཡོད་སྐོར་གསུངས་སོང་།

དེ་བཞིན་དམིགས་བསལ་སྐུ་མགྲོན་ལི་ཐུའི་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རུ་ན་སི་ཝ་ལིན་སི་ཀསི་ཡིས། ༧གོང་ས་མཆོག་ནས་ལི་ཐུའི་ནི་ཡའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་ཡོད་པས། ཁོ་ཚོས་ཀྱང་བོད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ། བོད་མི་ཚོས་ད་བར་བཙན་འཛུལ་བ་རྒྱ་ནག་གི་དྲིལ་བསྒྲགས་ལ་ངོས་ལེན་བྱེད་ཀྱི་མེད་པས། དེ་ལྟར་མུ་མཐུད་ནས་གནས་དགོས་པ། རྒྱ་ནག་གཞུང་གིས་བོད་མི་རྣམས་གྲངས་ཉུང་མི་རིགས་ཡིན་སྐོར་བཤད་བཞིན་པ་དེ་ནི་བདེན་པ་མིན་ཁར། བོད་མི་རྣམས་ནི་རྒྱལ་ཁབ་ཡོད་པའི་མི་རིགས་ཤིག་ཡིན་པས། བོད་དེ་རྒྱལ་ཁབ་གཅིག་ཡིན་པ་དང་། བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་སྐོར་གསུངས་སོང་།

དམིགས་བསལ་སྐུ་མགྲོན་མེཀ་སི་ཀོའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སལ་ཝ་ཌོར་ཁ་རོ་ཡིས། ཁོང་དང་ཕྱག་རོགས་གྲོས་ཚོགས་འཐུས་མི་ཚོས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ༧གོང་ས་མཆོག་གི་སྐུ་གཟུགས་བདེ་ཐང་ཡིན་པས་དགའ་ཚོར་བྱུང་བ་གསུངས་རྗེས། ཕྱག་རོགས་གྲོས་ཚོགས་འཐུས་མི་གཞན་ཞིག་གིས། མེཀ་སི་ཀོ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས། ༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་བདག་དབང་དེ་༧གོང་ས་མཆོག་དང་བོད་མི་རྣམས་ལས། གཞན་སྤྱི་སྒེར་སུ་གང་ལ་མེད་པ་ངོས་འཛིན་བྱེད་ཀྱི་ཡོད་ཁར། གལ་ཏེ་སྤྱི་སྒེར་གཞན་སུ་གང་གིས་དེ་ལྟར་བྱས་ཚེ་དེར་ངོ་རྒོལ་བྱེད་རྒྱུ་ཡིན་པ། བོད་རྒྱ་གཉིས་ཀྱི་གནད་དོན་མྱུར་དུ་སེལ་བའི་རེ་བ་བྱེད་ཀྱི་ཡོད་སྐོར་སོགས་ཀྱི་བསྒྲགས་གཏམ་སྤེལ་གནང་སོང་།

སྐུ་མགྲོན་གཙོ་བོ་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་མི་ཀུ་ལ་པེཀ་སཱ་ཡིས། ལོ་ངོ་༦༤ ཡི་རྗེས་སུ་ཡང་བོད་མི་རྣམས་རྒྱ་ནག་གི་འོག་ཏུ་སྡུག་སྦྱོང་དང་བཙན་གནོན་མྱངས་བཞིན་པ་ནི་སེམས་སྐྱོ་དགོས་པ་ཞིག་ཡིན་པ། རྒྱ་ནག་གཞུང་གིས་བོད་མིའི་རིགས་རྫས་བསྡུ་རུབ་བྱེད་བཞིན་པ་དེ་ནི་ཁྲིམས་འགལ་ཡིན་པ། ཁོང་དང་ཕྱག་རོགས་ཚོས་བོད་དོན་ལ་རྒྱབ་སྐྱོར་གང་ཡོང་བྱེད་རྒྱུ་ཡིན་སྐོར་གསུངས་སོང་།

མཛད་སྒོ་གྲོལ་རྗེས་བོད་ཀྱི་གཞུང་འབྲེལ་མིན་པ་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག བོད་མི་རྣམས་ཀྱིས་མེག་གྷན་ནས་ཀཱ་ཅ་རི་བར་དུ་ཞི་བའི་གོམ་བགྲོད་དང་སྐད་འབོད་ཀྱི་ལས་འགུལ་སྤེལ་གནང་སོང་།

དེ་རིང་གི་ཉིན་དེར་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྣམ་པ་འདྲ་མིན་གྱི་ཐོག་ནས་ལས་འགུལ་སྤེལ་གྱི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།