རྡོ་རྗེ་གདན་གྱི་ཆོས་རའི་ཉེ་འཁོར་ནས་འབར་རྫས་གཉིས་རྙེད་སོན་བྱུང་འདུག

ཟླ་༡ པོའི་ཚེས་༢༠ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡ པོའི་ཚེས་༡༩ ཉིན་༧གོང་ས་མཆོག་གི་མཛད་འཕྲིན་གྲུབ་ནས་བཞུགས་གནས་སུ་ཕེབས་ཟིན་པའི་དུས་ཚོད་ཏོག་ཙམ་རྗེས་ལ།  དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བའི་ཉེ་འཁོར་དུ་འབར་གས་ཀྱི་སྒྲ་ཞིག་ཐོས་ཡོད་འདུག་པས། བརྟག་དཔྱད་བྱས་པ་བརྒྱུད་ཉེ་འཁོར་གྱི་ཐབ་ཚང་ཞིག་ནང་ཇ་དམ་གས་འཐོར་བྱུང་བ་ཞིག་རྙེད་སོན་བྱུང་ཡོད་འདུག་པ་དང་། འབར་གས་ཀྱི་སྒྲ་དེ་ལས་བྱུང་བ་ཡིན་སྲིད་སྐོར་ཉེན་རྟོག་དཔོན་གྱིས་བརྗོད་འདུག

གནད་དོན་དེའི་རྗེས་ཉེན་རྟོག་རུ་ཁག་གིས་ཉེ་འཁོར་དུ་མུ་མཐུད་འཚོལ་ཞིབ་བྱས་པ་བརྒྱུད། དུས་འཁོར་དབང་ཆེན་གྱི་ཆོས་རའི་ཉེ་འཁོར་དུ་ལྗིད་ཚད་ཀི་ལོ་གྷེ་རམ་༡༠ རེ་ཡོད་པའི་འབར་རྫས་གཉིས་རྙེད་སོན་བྱུང་བ་དང་། འབར་རྫས་དེ་གཉིས་ལ་བརྟག་དཔྱད་དང་ནུས་མེད་བཟོ་ཆེད་དུ་དམིགས་བསལ་རུ་ཁག་ཅིག་ས་གནས་སུ་ཆེད་གཏོང་བྱས་ཡོད་ཁར། འབར་རྫས་བཞག་མཁན་སུ་ཡིན་མིན་ཞིབ་འཇུག་བྱེད་བཞིན་པ་ཡིན་འདུག

བརྒྱུད་ལམ་ཁག་ཅིག་ཏུ་འབར་རྫས་གཉིས་པོ་ལས་གཅིག་དེ་རྡོ་རྗེ་གདན་གྱི་མཆོད་རྟེན་ནང་དུ་འཛུལ་སའི་སྒོ་ཨང་༤ པའི་འགྲམ་དུ་རྙེད་སོན་བྱུང་སྐོར་དང་། གཞན་ཞིག་དེ་ལས་ཐག་ཅུང་རིང་བའི་སར་རྙེད་སོན་བྱུང་ཡོད་འདུག ད་ལྟའི་ཆར་ས་གནས་ཁུག་ཀྱོག་ཅིག་ཏུ་འཁྱེར་ནས་ནུས་མེད་བཟོ་ཐབས་བྱེད་བཞིན་ཡོད་སྐོར་འཁོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།