རྡོ་རྗེ་གདན་དུ་༧གོང་ས་མཆོག་གིས་གསུང་ཆོས་དབུ་འཛུགས་གནང་སོང་།

༧གོང་ས་མཆོག་གིས་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གྱི་གནང་སའི་ར་བ་རུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་དབུ་འཛུགས་གནང་སོང་།

ཟླ་འདིའི་ཚེས་༢༤ ཉིན་གྱི་སྔ་དྲོ་༧གོང་ས་མཆོག་གསུང་ཆོས་ར་བའི་ནང་དུ་ཞབས་སོར་འཁོད་པ་དང་། ཤེས་རབ་སྙིང་པོའི་གཟུངས་སྔགས་གསུངས་ཏེ་གསུང་ཆོས་དངོས་གཞི་དབུ་མ་བཙུགས་པའི་སྔོན་དུ། སངས་རྒྱས་ཀྱི་ཆོས་འདི་ཆོས་ལུགས་གཞན་དང་མི་འདྲ་བའི་ཁྱད་ཆོས་སྐོར་ལ་བཀའ་སློབ་གནང་དོན། “སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་འདི་སྨོན་ལམ་བརྒྱབ་བསྡད་པ་གཅིག་པུར་མ་རེད། བཅོམ་ལྡན་འདས་ཁོ་རང་གིས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུད་ཅིང་། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།། ཆོས་ཉིད་བདེན་པ་ལྡན་པས་གྲོལ་བར་འགྱུར།། ཞེས་གསུང་གི་འདུག་ཨ། དེ་དམིགས་བསལ་མི་འདྲ་བའི་ཁྱད་ཆོས་ཤིག་རེད་འདུག་”ཅེས་དང་། “ཆོས་ལུགས་གཞན་པ་མང་པོ་ཞིག་ཡག་པོ་ཞེ་དྲག་རེད་དེ། ང་རང་ཚོའི་བདེ་སྡུག་ཚང་མ་འཇིག་རྟེན་བཀོད་པ་པོའི་ཕྱག་ཏུ་ཡོད་བསྡད་པ། འཇིག་རྟེན་བཀོད་པ་པོའི་མཁྱེན་བརྩེའི་ནུས་པ་མཐར་ཐུག་པ་ཞིག་བཤད་སྡོད་ཀྱི་ཡོད་རེད། མཁྱེན་བརྩེའི་ནུས་པ་མཐར་ཐུག་པ་ཤོད་ཀྱིན་ཤོད་ཀྱིན་ལ་དཀོན་མཆོག་གིས་བཀོད་པའི་འཇིག་རྟེན་འདིའི་ནང་དུ་རྙོག་གྲ་མང་པོ་ཡོད་བསྡད་པ། སྡུག་བསྔལ་མང་པོ་ཡོད་བསྡད་པ་འདི་ཚོའི་གྲས་དེ་འགྲེལ་བཤད་རྒྱག་རྒྱུ་དཀའ་ལས་ཁག་པོ་འདུག་གསུངས། སངས་རྒྱས་བཅོམ་ལྡན་འདས་ཁོ་རང་སྟོན་པ་ཞིག་ཡིན། ཆོས་སྟོན་མཁན་ཞིག་ཡིན། བླང་དོར་གྱི་གནས་སྟོན་མཁན་ཡིན། བླང་དོར་གྱི་གནས་སྟོན་མཁན་ཁོ་རང་རྟག་པ་རང་བྱུང་གི་སྐྱེས་བུ་དེ་འདྲ་མ་ཡིན་པ། སྔོན་སློབ་པ་ལམ་གྱི་གནས་སྐབས་སྔོན་དུ་སོང་སྟེ་རིམ་པས་ཉམས་བཞེས་གནང་ནས་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་མངོན་དུ་མཛད་ནས་མཐར་མངོན་པར་རྫོགས་པ་སངས་རྒྱས་པ་ཞིག་ཡིན་དུས། ཁོ་རང་རང་གི་ཉམས་མྱོང་སྟེང་ནས་ང་ཚོ་ལ་མར། ལས་དང་པོ་ལམ་མ་ཞུགས་པའི་གནས་སྐབས་ནས་ཡར་ཐབས་ཤེས་རབ་ཀྱི་ལམ་ལ་བརྟེན་ནས་ག་ལེར་ག་ལེར་རྟོགས་པ་ཇེ་མཐོ་ཇེ་མཐོར་ཕྱིན་པས། རྟོགས་པ་ཇེ་མཐོ་ཟེར་ན། མཁྱེན་བརྩེའི་ཡོན་ཏན་གོང་འཕེལ་ཕྱིན། དེའི་ཚད་ཀྱིས་གཞན་དོན་བསྒྲུབ་རྒྱུའི་ནུས་པ་ཆེ་རུ་ཆེ་རུ་ཕྱིན། དེ་འདྲ་བྱས་ནས་མཐར་སྤང་རྟོགས་མཐར་ཕྱིན་པ་བྱུང་སྟེ། ཁོ་རང་གི་ཉམས་མྱོང་ཐོག་ནས་ང་ཚོ་ལ་མར་བློ་འགྱུར་བ་གང་འདྲ་གཏོང་དགོས་མིན། བློ་ལ་འགྱུར་བ་བཏང་ན་འགྱུར་བ་ཐེབས་རྒྱུ་ཡོད་མེད་སྐོར་བསྟན་ཡོང་གི་འདུག གང་ལྟར་བཅོམ་ལྡན་འདས་ཀྱིས་གདུལ་བྱ་ལ་ཁོ་རང་གི་ཉམས་མྱོང་གི་སྟེང་ནས་གང་འདྲ་བྱས་ནས་བློ་ལ་འགྱུར་བ་གཏང་དགོས་ཡ་གསུངས་པ་དེ་རྩ་ཆེན་པོ་རེད་བཞག་”ཅེས་གསུངས་སོང་།

དེ་བཞིན་༧གོང་ས་མཆོག་གིས་ཆོས་ལུགས་དད་གུས་དང་མཐུན་སྒྲིལ་སྐོར་གསུང་དོན། “ཆོས་ལུགས་ཚང་མ་ལ་ངས་དད་པ་དང་གུས་པ་བྱེད་ཀྱི་ཡོད། དད་པ་དང་གུས་པ་གཉིས་ཆ་ཕྱེ། དད་པ་དེ་སོ་སོའི་ཆོས་བྱེད། གུས་པ་དེ་ཆོས་ལུགས་ཚང་མར་བྱེད་”ཅེས་དང་། “འཛམ་བུ་གླིང་འདིའི་སྒང་ལ་ཆོས་ལུགས་མང་པོ་ཞིག་ཡོད་པ་རེད། དེ་དག་ཚང་མས་སེམས་པ་བཟང་པོ་བྱེད་དགོས་རེད།  བཟོད་པ་སྒོམ་དགོས་རེད། མི་ལ་ཕན་བདེ་སྒྲུབ་དགོས་རེད་གསུང་མཁན་ཤ་སྟག་རེད་འདུག་ག ཆོས་ལུགས་གཙོ་ཆེ་བྱམས་སྙིང་རྗེ་རྩལ་དུ་བཏོན་ནས་གསུང་མཁན་ཤ་སྟག་ཡིན་དུས། འདས་པའི་ལོ་སྟོང་ཕྲག་གཉིས་གསུམ་གྱི་རིང་ལ་མི་ལ་ཕན་གྱི་ཡོད་རེད་ལ། ད་ལྟ་ཡང་མི་ལ་ཕན་གྱི་ཡོད་རེད། མ་འོངས་པ་ལ་ཡང་ཕན་གྱི་རེད། དེ་འདྲ་ཡིན་དུས་ཆོས་ལུགས་ཚང་མ་ལ་གུས་ཞབས་བྱ་རྒྱུ་གལ་ཆེན་པོ་རེད། ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་འཁྲུག་པ་བརྒྱབ། གསོད་རེས་བྱེད་ཀྱི་འདུག་ག  དངོས་གནས་བསམ་ཡུལ་ལ་འདས་པ་རེད། ཆོས་ལུགས་རྒྱུ་མཚན་དུ་བྱས་ཏེ་ཕྱོགས་རིས་བྱས། ཤོག་ཤོག་འདྲ་བྱས་ནས་གསོད་རེས་བྱེད་དུས་ཐབས་སྐྱོ་བོ་རེད། བྱམས་བརྩེ་རྩལ་དུ་འདོན་མཁན་ཆོས་ལུགས་ཚང་མས་དངོས་གནས་མི་ལ་ཕན་གྱི་ཡོད་རེད། དེ་འདྲ་ཡིན་དུས་ཚང་མས་མཐུན་པོ་བྱེད་པ་དེ་གལ་ཆེན་རེད། དེ་བཞིན་ད་ལྟ་དུས་རབས་ཉེར་གཅིག་སླེབས་པའི་ནང་དངོས་པོ་ཡར་རྒྱས་མུ་མཐུད་འགྲོ་བཞིན་ཡོད་ཀྱང་འཛམ་གླིང་བདེ་སྐྱིད་ལྡན་པའི་འགན་ལེན་མི་ཐུབ་པ་དང་མིས་བཟོས་པའི་སྡུག་བསྔལ་རྒྱུན་མི་ཆད་པ་ཡོང་བསྡད་པ་དེ་འཕྲུལ་ཆས་སོགས་ཀྱིས་སེལ་མི་ཐུབ། ཆོས་ཁས་བླངས་ཀྱང་རུང་མ་བླངས་རུང་སེམས་རྒྱུད་འདུལ་དགོས་པ་དེ་མཐོང་ཆོས་ཤིག་དང་། དུས་རབས་ཉེར་གཅིག་ནང་སེམས་རྒྱུད་འདུལ་ཐབས་གཙོ་བོ་དེ་བྱམས་བརྩེ་ཡིན་པ་དང་། བྱམས་བརྩེ་ནི་ཆོས་ལུགས་ཚང་མས་གསུང་གི་ཡོད་”ཅེས་དང་ཉིན་རེ་ཉིན་རེར་ཁྱིམ་ཚང་སོགས་ཀྱི་བདེ་སྐྱིད་ལ་འཚེ་བ་མེད་པ་དང་བྱམས་བརྩེ་དགོས་པར་གལ་ཆེ་སྐོར་སོགས་གསུངས་སོང་།

༸གོང་ས་མཆོག་གིས་གནང་རྒྱུའི་ད་ལྟའི་གསུང་ཆོས་ཀྱི་རིམ་པ་ནི། ཟླ་འདིའི་ཚེས་༢༤ ནས་༢༥ བར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཁྲིད་དང་། ཕྱི་ལོ་༢༠༡༥ ལོར་གདན་ས་བཀྲ་ཤིས་ལྷུན་པོ་རུ་གནང་བའི་ཚད་མ་རྣམ་འགྲེལ་གྱི་བཀའ་ཁྲིད་(མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཛད་པའིཚད་མ་རྣམ་འགྲེལ་གྱི་མཆན་འགྲེལ་)འཕྲོ་སྐྱོང་རྒྱུ། ཚེས་༢༦ ཉིན་འཇིགས་བྱེད་དཔའ་གཅིག་གི་བཀའ་དབང་དང་། ཚེས་༢༨ ནས་༣༠ བར་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་བསྩལ་རྒྱུ། ཚེས་༣༡ ཉིན་བོད་མིའི་སྒྲིག་འཛུགས་དང་། རྣམ་རྒྱལ་གྲྭ་ཚང་། ཤེལ་དཀར་ཆོས་སྡེ་མངའ་ཞབས་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཡིན་འདུག

གསུང་ཆོས་རིང་། རྒྱ་སྐད། ཝེ་ཏི་ནམ་གྱི་སྐད། ཧིན་སྐད། ར་ཤཱི་ཡའི་སྐད། སོག་སྐད། ཉི་ཧོང་སྐད། སི་པིན་ནེ་ཤཱི་ཡའི་སྐད། ཧྥ་རན་སིའི་སྐད། ཨི་ཊ་ལའི་སྐད་བཅས་ལ་གསུང་བསྒྱུར་ཞུས་པ་བརྒྱུད་ལམ་སོ་སོ་ནས་གསན་གཟིགས་ཐུབ་ཀྱི་ཡོད་འདུག་ལ། གསུང་ཆོས་ཀྱི་དུས་ཚོད་ནི། ཉིན་ལྟར་ཞོགས་པའི་ཆུ་ཚོད་༨།༣༠ ནས་༡༡།༣༠ བར་ཡིན་འདུག

གསར་འགོད་པ་བསྟན་འཛིན་ལམ་བཟང་།