རྨེའུ་རྒྱལ་པོ་འཕྲིན་ལས་རབ་བརྟན་འཁྲུངས་ནས་ལོ་༡༠༠ འཁོར་བའི་དུས་དྲན།

ཟླ་འདིའི་ཚེས་༥ ཉིན་དྷ་ས་མེག་གྷན་ཀིརྟི་བྱེས་པ་གྲྭ་ཚང་གི་ཚོགས་ཁང་དུ། སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་ དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། ཀིརྟི་རིན་པོ་ཆེ། དེ་བཞིན་རྨེའུ་རྒྱལ་པོ་འཕྲིན་ལས་རབ་བརྟན་གྱི་ནང་མི། ཀིརྟི་དགོན་གྱི་དགེ་འདུན་པ་རྣམས་མཉམ་ཞུགས་ཐོག རྨེའུ་རྒྱལ་པོ་འཕྲིན་ལས་རབ་བརྟན་འཁྲུངས་ནས་ལོ་༡༠༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་འཚོགས་སོང།

12309474_1067ཐོག་མར་བཀྲ་ཤིས་པའི་ཚིགས་སུ་བཅད་པ་གསུངས་ནས་མཛད་སྒོ་དབུ་འབྱེད་གནང་སོང་བ་དང། ཀིརྟི་དགེ་རྩ་ཚོགས་པའི་ཚོགས་གཙོས་རྨེའུ་རྒྱལ་པོའི་མི་ཚེའི་ལོ་རྒྱུས་མདོར་བསྡུས་ཤིག་སྙན་སྒྲོན་ཞུས་སོང། དེ་རྗེས་རྨེའུ་རྒྱལ་པོའི་ནང་མིས་སྐུ་གཤེགས་རྨེའི་རྒྱལ་པོའི་སྐུ་པར་ལ་མཇལ་དར་ཕུལ་རྗེས་སུ། ཀིརྟི་རིན་པོ་ཆེས་རྨེའུ་རྒྱལ་པོའི་དྲན་རྟེན་གྱི་ཕུད་དེ་༧གོང་ས་མཆོག་གི་སྐུ་པར་མདུན་དུ་ཕུལ་བ་དང་། སྐུ་མགྲོན་གཙོ་བོ་གཉིས་དང་། རྨེའུ་རྒྱལ་པོའི་སྲས་མོ་སྤྱི་ཟུར་མགོན་པོ་འཚོ་དང། རྨེའུ་རྒྱལ་པོའི་གཅུང་མོ་དོན་གྲུབ་འཚོ་གཉིས་ལ་དྲན་རྟེན་རེ་རེ་ཕུལ་སོང།

ཀིརྟི་རིན་པོ་ཆེས་རྨེའུ་རྒྱལ་པོའི་དུས་དྲན་དང་འབྲེལ་བའི་མཆོད་འབུལ་སྨོན་ལམ་གྱི་སྐོར་གསུང་དོན། “དེ་རིང་གི་དུས་དྲན་དེ་ལོ་བརྒྱ་ཐམ་པ་འཁོར་བའི་དུས་དྲན། མུན་ནག་གི་དུས་ཚོད། ང་ཚོ་ལ་དཀའ་ངལ་ཆེ་བའི་དུས་ཚོད་དེ་དྲན་པའི་ཡུལ་ལ་འཛིན་དགོས་པ་དེ་གཙོ་བོ་རེད་མ་གཏོགས། དགའ་དགའ་སྤྲོའི་སྤྲོའི་དུས་དྲན་བྱེད་པ་ཞིག་མིན། རྨེའུ་རྒྱལ་པོ་ལོ་ན་གཞོན་པའི་སྐབས་ནས་རྗེས་མ་མ་ཤི་བའི་བར་དུ། གཞན་གྱི་བཙན་དབང་འོག་དཀའ་ངལ་མང་པོ་མྱངས་ནས། མཐའ་མ་རང་ཤི་རྒྱག་དགོས་པའི་གནས་ཚུལ་བྱུང་བ་རེད། དུས་ཚོད་དེ་ང་ཚོ་ཚང་མས་དྲན་པ་བྱས་ནས། བོད་ལ་བདེ་སྐྱིད་ཉི་མ་ཤར་ཆེད་ང་ཚོ་ཚང་མས། བསམ་བློ་བཏང་ནས་ལས་ཀ་བྱེད་དགོས་པ་རེད།”ཅེས་གསུངས་སོང། དེ་བཞིན་ཁོང་གིས་རྨེའུ་རྒྱལ་པོ་དང་ཁོང་བར་འབྲེལ་བ་ཡག་པོ་ཡོད་པ་དང། ཁོང་ཆུང་དུས་སྐབས་རྨེའུ་རྒྱལ་པོས་ཁ་ཏ་བསླབ་བྱ་མང་པོ་གནང་ཡོད་པས། དེ་རིང་གི་དུས་དྲན་དེ་ཁོང་གིས་གོ་སྒྲིག་བྱས་པ། རྨེའི་རྒྱལ་པོའི་མི་ཚེའི་ལོ་རྒྱུས་ཀྱི་དེབ་ཅིག་འདོན་རྒྱུ་ཡིན་པ། དེ་བཞིན་རྨེའུ་རྒྱལ་པོའི་ནང་མིར་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ནས་གཟིགས་པ་གནང་བར་ཐུགས་རྗེ་ཞུ་རྒྱུ་ཡིན་པ་སོགས་ཀྱི་སྐོར་ལ་གསུངས་སོང།

12309622རྨེའུ་རྒྱལ་པོ་འཕྲིན་ལས་རབ་བརྟན་ནི་ཕྱི་ལོ་༡༩༡༥ ལོར་བོད་མདོ་སྨད་རྔ་པར་འཁྲུངས་པ་དང། ཆུང་དུས་ནས་ཡི་གེ་འབྲི་ཀློག་བསླབས་ཤིང། བཀའ་ཆོས་དབང་ལུང་མང་དུ་གསན་ཡོད་པ་རེད། ཕྱི་ལོ་༡༩༣༥ དང་༡༩༣༦ ལོར་རྒྱ་དམར་གྱིས་རྔ་པའི་ཡུལ་བཙན་འཛུལ་ཐོག་མ་དེ་བྱུང་སྐབས། ཁོང་གི་རྗེ་འབངས་ཀྱིས་གཙོས་བོད་མིའི་ཕྱོགས་ཁག་མཉམ་འབྲེལ་སྣ་ཚོགས་པས། འགོག་རྒོལ་དྲག་པོ་སྔ་ཕྱིར་བྱས་ཀྱང། རྒྱ་དམག་གི་སྟོབས་ཤུགས་འགོག་མ་ཐུབ་པར་བརྟེན། རྨེའུ་རྒྱལ་མོས་རྨེའུ་ཚང་གི་རྒྱལ་ཁང་རྒྱ་དམག་གི་གི་སྡོད་གནས་སུ་འགྱུར་བར་དོགས་ཏེ། རྒྱལ་ཁང་མེར་སྲེག་བཏང་ནས་རྒྱལ་འབངས་རྣམས་བྲོས་བྱོལ་གྱི་འཚོ་བར་རོལ་དགོས་བྱུང་བ་རེད།

ཕྱི་ལོ་༡༩༥༤ ནས་༡༩༥༥ བར་ཁོང་དང་མདོ་སྟོད་སྨད་གཉིས་ཀྱི་དབུ་ཁྲིད་དུ་མ་ཞིག་གིས། དབུས་གཙང་ཁུལ་དུ་བོད་རང་སྐྱོང་ལྗོངས་རྒྱབ་མ་དང། ཁམས་དང་ཨ་མདོའི་ས་ཁུལ་ལ་བོད་རང་སྐྱོང་ལྗོངས་མདུན་མ་ཞེས་བོད་རིགས་རང་སྐྱོང་གི་ས་ཁུལ་འཛུགས་སྟངས་གསར་པ་ཞིག་འཆར་བཀོད་གནང་སྟེ། ཐོག་མར་རྒྱ་ནག་གཞུང་གིས་ཆོག་མཆན་ཐོབ་ཀྱང། རྗེས་སུ་ཆོག་མཆན་དེ་ཕྱིར་བསྡུ་བྱས་ཡོད་པ་རེད་དེ། བོད་རང་སྐྱོང་ལྗོངས་ཞེས་པའི་ཁོངས་སུ་མ་ཚུད་པའི་བོད་རིགས་ས་ཁུལ་རྣམས་ལ། བོད་རིགས་རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་ཞེས་པའི་མིང་གནས་པའི་སྲིད་བྱུས་གཏན་འབེབས་བྱེད་ཐུབ་བྱུང་ཡོད་པ་རེད།

ཕྱི་ལོ་༡༩༥༨ ལོར་ཨ་མདོ་རྔ་པའི་ས་ཁུལ་དུ། དམངས་གཙོའིབཅོས་བསྒྱུར་གྱི་སྲིད་བྱུས་ལག་བསྟར་བཞིན་པའི་སྐབས་སུ། ཁོང་གི་མངའ་ཁོངས་སུ་གཏོགས་པའི་མི་སེར་རྣམས་སྡུག་བསྔལ་ལས་སྐྱོབ་ཆེད་དུ། རང་ཉིད་ཀྱི་རྒྱལ་གཞིས་མངའ་ཐང་བློས་བཏང་བ་མཟད། རྒྱ་གཞུང་གི་མིང་གནས་མཐོ་དམན་སྣ་ཚོགས་རིམ་པར་བཞེས་ཏེ། མི་རིགས་རང་སྐྱོང་གི་སྲིད་བྱུས་མངོན་འགྱུར་ཡོང་བ་དང། ས་གནས་སུ་ཞི་བདེ་ལྷིང་འཇགས་ཡོང་ཐབས་སུ་བརྩོན་པ་རེད། རིག་གནས་གསར་བརྗེའི་སྐབས་སུ། ཕྱི་ལོ་༡༩༦༦ ལོར་རྨེའུ་རྒྱལ་པོ་དང་རྒྱལ་མོ་གཉིས་ཀ་མཱིན་ཅང་ཞེས་པའི་གཙང་པོའི་ནང་མཆོངས་ནས་རང་སྲོག་བཅད་དེ་གཤེགས་པ་རེད། ཁོང་ནི་དགེ་འདུན་པ་དང་ཆོས་ལ་དད་པ་བརྟན་པོ་དང། མི་རིགས་ཀྱི་ལྟ་བ་ཤུགས་ཆེན་ཡོད་པ་ཞིག་ཡིན་པ་༧གོང་ས་མཆོག་གི་བཀའ་སློབ་ནང་གསུངས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།