ལས་འགུལ་བ་བློ་གྲོས་དཔལ་ལྡན་བརྡབ་སྐྱོན་གྱིས་ལས་འགུལ་ནས་གནས་སྐབས་ཕྱིར་འཐེན་བྱས་འདུག


དེ་རིང་ཕྱི་ཟླ་༡༢ ཚེས་༢༣ ཉིན་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། རྒྱ་གར་བྱང་ཤར་སི་ལི་གུ་རིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས། བོད་དོན་དྲིལ་བསྒྲགས་ཆེད་ཟླ་གསུམ་རིང་གི་རྒྱ་གར་རྒྱལ་ཡོངས་སྦག་སྦག་སྐོར་བསྐྱོད་ནང་མཉམ་ཞུགས་བྱེད་མཁན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག


ཕྱི་ཟླ་འདིའི་ཚེས་༡༠ ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཉིན་མོ་དང་བསྟུན། དྷེ་ར་དྷུན་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་གྱི་གཞིས་མི་དང་རྒྱ་གར་ས་མཚམས་སྲུང་སྐྱོབ་དམག་མི་ཟུར་པ། བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་དང་། སྦིར་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་ཟུར་པ་བློ་གྲོས་དཔལ་ལྡན་གཉིས་ཀྱིས། རྒྱ་གར་གྱི་མངའ་སྡེ་༢༡ དང་དབུས་ཐད་སྐྱོང་ས་ཁུལ་༢ བཅས་ཀྱི་ནང་ཉིན་གྲངས་༩༠ རིང་གི་སྦག་སྦག་སྐོར་སྐྱོད་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་འགོ་བཙུགས་ཡོད།
ལས་འགུལ་འགོ་བཙུགས་ནས་ཉིན་གྲངས་བཅུ་གསུམ་ཙམ་ཕྱིན་པའི་མཚམས་ཏེ། དེ་རིང་ནས་བརྩིས་པའི་ཉིན་བཞིའི་སྔོན་ཁོང་གཉིས་ཀ་སིང་ཏམ་ནས་སྒང་ཏོག་ལ་འགྲོ་བའི་ལམ་བར་དུ་བློ་གྲོས་དཔལ་ལྡན་ལགས་སུ་བརྡབ་སྐྱོན་བྱུང་ནས་སྨན་པར་བསྟན་པར། ཁོང་གི་རྐང་པར་གས་ཆག་ཆུང་ཙམ་བྱུང་ཡོད་པར་བརྟེན་སྨན་པས་ངལ་གསོ་དགོས་པའི་ལམ་སྟོན་བྱས་པ་བཞིན་བློ་ཕམ་དང་བཅས་གནས་སྐབས་ལས་འགུལ་དུ་མཉམ་ཞུགས་བྱ་རྒྱུ་མཚམས་འཇོག་བྱས་འདུག
ཁོང་ལས་འགུལ་ནང་མཉམ་བཞུགས་མ་ཐུབ་པའི་རིང་། ཀ་སྤུངས་ནས་ཡིན་པའི་ལས་འགུལ་བ་འཇམ་དཔལ་གྱིས་འཇམ་དབྱངས་དང་མཉམ་དུ་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་དེ་མུ་མཐུད་སྤེལ་རྒྱུའི་ཐག་བཅད་འདུག་པ་དང་། བདུན་ཕྲག་གཅིག་གཉིས་ནང་དྲག་སྐྱེད་བྱུང་མཚམས་སླར་ཡང་ལས་འགུལ་བ་འཇམ་དབྱངས་དང་ལྷན་མཉམ་ཞུགས་བྱ་རྒྱུའི་སེམས་ཐག་བཅད་ཡོད་པ་དང་། གནས་ཚུལ་ཅི་འདྲ་ཞིག་བྱུང་ཡང་ལས་འགུལ་འདི་མཐའ་འཁྱོལ་བ་བྱེད་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཅེས་བརྗོད་འདུག།
ལས་འགུལ་འདི་དང་འབྲེལ་ནས་སི་ལི་གུ་རིར་གསར་འགོད་གསལ་བསྒྲགས་སྤེལ་སྐབས། ཁོང་ཚོས་ལམ་བར་དུ་རྒྱ་ནག་གིས་བོད་ཐོག་བཙན་གནོན་བྱེད་བཞིན་པའི་དྲིལ་བསྒྲགས་ཡིག་ཆ་འགྲེམས་སྤེལ་དང་། གྲོང་ཁྱེར་ཁག་ནང་གསར་འགོད་གསལ་བསྒྲགས་སྤེལ་བཞིན་ཡོད་པ་མ་ཟད། རྒྱ་གར་གཞུང་མང་གཉིས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུས་པ་དང་ཆབས་ཅིག རྒྱ་གར་གྱི་ས་མཚམས་དེ་བོད་དང་འབྲེལ་བ་ལས་རྒྱ་ནག་དང་འབྲེལ་བ་མེད་པའི་ངོས་འཛིན་གནང་དགོས་པའི་ནན་སྐུལ་ཤུགས་ཆེ་བྱས་འདུག།
དེ་བཞིན་རྒྱ་གར་བྱང་ཤར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ཚེ་འཕེལ་ལགས་ཀྱིས། རང་དབང་གི་ལམ་བུ་ནི་རིང་པོ་ཞིག་ཡིན་ནའང་ཚང་མས་བོད་ཀྱི་རང་དབང་འཐབ་རྩོད་ལ་སེམས་ཐག་བརྟན་པོ་དང་རེ་བ་བཟང་པོ་བཅངས་དགོས་པའི་ནན་བཤད་གནང་བ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་བློ་བཟང་ལགས་ཀྱིས་འདི་འདྲའི་སྒེར་གྱི་ལས་འགུལ་དག་ནི་རྒྱ་ཆེའི་རང་དབང་འཐབ་རྩོད་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན་པར་བརྗོད་པ་དང་ཆབས་ཅིག བོད་མི་རྣམས་ཀྱི་འབད་བརྩོན་དེ་རིགས་ལ་རྒྱབ་སྐྱོར་དང་སྐུལ་ལྕགས་གནང་དགོས་པའི་འབོད་སྐུལ་ཡང་ཞུས་འདུག །
གསར་འགོད་པ། བསྟན་འཛིན་ཆོས་དབྱངས།