ལུགས་བསམ་རུ་ཁག་གིས་མཐའ་མའི་རྒྱལ་ཁ་བླངས་སོང་།

རྒྱ་གར་དང་བལ་ཡུལ་ནས་སླེབས་པའི་རུ་ཁག་བཅུ་གཉིས་བར་གྱི་ལག་རྩེད་སྤོ་ལོའི་རྩེད་འགྲན་གྱི་མཐའ་མའི་རྒྱལ་ཁ་དེ། སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གཞིས་ཆགས་ཀྱིས་བླངས་སོང་།
ཟླ་༩ པའི་ཚེས་༢༧ ཉིན་ནས་དྷ་ས་གངས་སྐྱིད་ལག་རྩེད་སྤོ་ལོའི་རྩེད་ཐང་དུ་འགོ་འཛུགས་བྱས་པའི། བཙན་བྱོལ་ནང་ཊི་སྦི་ནད་གཞི་སྔོན་འགོག་གི་ལག་རྩེད་སྤོ་ལོའི་འགྲན་སྡུར་གྱི་མཐའ་མའི་རྩེད་ཕུད་ཀྱི་རྩེད་འགྲན་དེ། ཟླ་༡༠ པའི་ཚེས་༢ ཉིན་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་དང་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཉིས་བར་རྩེད་འགྲན་བྱས་ནས། མཐའ་མའི་གྲུབ་དོན་དུ་ལུགས་བསམ་རུ་ཁག་གིས་སྤོ་ལོ་ཐོབ་གྲངས་༤༧ དང་བདེ་སྐྱིད་སླར་གསོའི་རུ་ཁག་གིས་༣༥ བླུགས་ནས། མཐའ་མའི་རྒྱལ་ཁབ་དེ་ལུགས་བསམ་རུ་ཁག་གིས་བླངས་ཡོད་པ་རེད། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་བཀའ་བློན་རྣམ་པ། དེ་བཞིན་སྤྱི་འཐུས་ཁག་ཅིག་ཕེབས་ཡོད་པ་རེད།

ཐེངས་འདིར་འགྲན་སྡུར་ནང་མཉམ་ཞུགས་བྱེད་མཁན་དྷ་ས་ཁུལ་ནས་རུ་ཁག་གསུམ་དང་། སྦིར་ནས་རུ་ཁག་གཅིག ལྷོ་ཕྱོགས་ནས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་རུ་ཁག་དང་ལུགས་ཟུང་བསམ་གྲུབ་གླིང་ནས་རུ་ཁག མོན་གྷོ་འདོད་རྒུ་གླིང་རུ་ཁག་བཅས་གསུམ།  དེ་བཞིན་བྱང་ཤར་རུ་ཁག བལ་ཡུལ་སྤོག་ར་རུ་ཁག རྡེ་ར་རྡུན་ནས་དོན་གྲུབ་གླིང་གི་རུ་ཁག ལ་དྭགས་རུ་ཁག ལྡི་ལི་རུ་ཁག་བཅས་རུ་ཁག་༡༢ མཉམ་ཞུགས་བྱས་ཡོད་པ་རེད།

ཐེངས་འདིའི་འགྲན་སྡུར་གྱི་ཨང་དང་པོ་ལུགས་བསམ་རུ་ཁག་ལ་གཟེངས་རྟགས་དང་ཧིན་སྒོར་ཁྲི་ལྔ་ཐོབ་ཡོད་པ་དང་། ཨང་གཉིས་པ་བདེ་སྐྱིད་སླར་གསོ་རུ་ཁག་ལ་གཟེངས་རྟགས་དང་ཧིན་སྒོར་ཁྲི་གསུམ་ཐོབ་སོང་། རྩེད་འགྲན་ཁྲོད་རྩེད་མོ་བ་རྩེ་ཕུད་ཀྱི་བྱ་དགའ་དེ་བདེ་སྐྱིད་སླར་གསོ་རུ་ཁག་གི་རྩེད་མོ་བ་རྡོ་རྣམ་ལ་ཧིན་སྒོར་༢༥༠༠ དང་རྩེད་མོ་བཟང་ཤོས་རྩེད་མཁན་རུ་ཁག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་རུ་ཁག་ལ་ཧིན་སྒོར་༥༠༠༠ ཡི་རྔན་པ་སྤྲད་ཡོད་པ་རེད།

འགྲན་སྡུར་དེ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས། དེ་བཞིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་བཅས་ཀྱིས་བཙན་བྱོལ་ནང་ཊི་སྦི་ནད་གཞི་སྔོན་འགོག་གི་ལས་གཞི་དང་འབྲེལ་ནས་གོ་སྒྲིག་བྱས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།