ལོ་བཅུ་འཁོར་བའི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་དང་དེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་མདོར་བསྡུས།

རྒྱ་ནག་གིས་ལོ་ངོ་བཅུའི་གོང་དུ་རྒྱུད་གཅིག་ལམ་གཅིག་འགོ་འཛུགས་བྱས་ནས་ད་ལོ་ལོ་བཅུ་འཁོར་བར་བརྟེན། ཁ་སང་ནས་ཉིན་གཉིས་རིང་ལོ་༡༠ འཁོར་བའི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་ཡིན་འདུག་ལ། མཛད་སྒོའི་ཐོག་ཨུ་རུ་སུའི་སྲིད་འཛིན་དང་ཨ་ཧྥི་གྷན་ནི་སི་ཐན་ནང་ཡོད་པའི་ཏ་ལི་པན་གྱི་བློན་ཆེན་དང་གཞན་ཡང་རྒྱལ་ཁབ་༡༥༠ ཙམ་གྱི་སྐུ་མགྲོན་སླེབ་ཀྱི་ཡོད་ཚུལ་བརྗོད་འདུག
ཕྱི་ཚེས་༡༧ ཉིན་སྦི་སྦི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༡༧ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྒྱུད་གཅིག་ལམ་གཅིག་འགོ་བཙུགས་ཏེ་ལོ་བཅུ་འཁོར་བའི་མཛད་སྒོ་གསུམ་པ་དེ་ཚོགས་འགོ་བཙུགས་ཡོད་པ་དང་། མཛད་སྒོའི་ཐོག་ཨུ་རུ་སུའི་སྲིད་འཛིན་(Vladimir Putin)དང་ཏ་ལི་པན་གྱི་བློན་ཆེན་སོགས་རྒྱལ་ཁབ་༡༥༠ ཙམ་གྱི་འགོ་ཁྲིད་བསླེབ་འཆར་ཡོད་པར་བརྗོད་འདུག རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཟེར་བའི་དཔལ་འབྱོར་གྱི་ལས་གཞི་དེ་ཕྱི་ལོ་༢༠༡༣ ལོར་འགོ་འཛུགས་བྱས་ཡོད་པ་དང་ད་ལོ་ལོ་བཅུ་འཁོར་གྱི་ཡོད་འདུག ཐོག་མའི་ལས་གཞི་དེ་འགོ་རྩོམ་དུས་གོ་ལའི་ཁྱོན་ཡོངས་ནང་དཔལ་འབྱོར་གྱི་ལས་གཞི་དེ་རྩོམ་ཐབས་བྱས་ཡོད་ཀྱང་འདས་པའི་མི་ལོ་བཅུའི་ནང་ཐོག་མའི་འཆར་གཞི་གཞིར་བཟུང་ལམ་འགྲོ་བྱུང་ཡོད་མི་འདུག རྒྱུད་གཅིག་ལམ་གཅིག་ཟེར་བའི་ལས་གཞི་དེ་ནི་(ancient Silk Road) གནའ་སྔོན་མའི་དར་གོས་ཚོང་ལམ་བརྒྱུད་དང་། དར་གོས་མཚོ་ལམ་གཉིས་སུ་དབྱེ་ཡོད་པ་དག་ལ་བརྟེན་ཏེ། རྒྱ་ནག་བརྒྱུད་ནས་སྐམ་སའི་དར་གོས་རྒྱུད་ལམ་བརྒྱུད་ནས་དཀྱིལ་ཤར་ཨེ་ཤེ་ཡ་དང་ཡུ་རོབ་ནང་ལས་གཞི་དེ་སྤེལ་རྒྱུ་དང་། དེ་ནས་རྒྱ་ནག་གི་དར་གོས་མཚོ་ལམ་བརྒྱུད་ནས་རྒྱ་ནག་གི་མཚོ་འགྲམ་ལ་ཡོད་པའི་གྲུ་གཟིངས་འབབ་ཚུགས་ཆེ་ཁག་བརྒྱུད་ནས་ལྷོ་ཨེ་ཤེ་ཡ་དང་ལྷོ་ཤར་ཨེ་ཤེ་ཡ། དེ་ནས་ཨ་ཧྥི་རི་ཀ ཡུ་རོབ་བཅས་ལ་སྤེལ་རྒྱུའི་འཆར་གཞི་བཀོད་ཡོད་འདུག ཐོག་མའི་ལས་གཞི་དེ་སྤེལ་དུས་ཨ་སྒོར་ཁྲག་ཁྲིག་ཆེན་པོ་གཅིག་༡ ཡང་ན་རྒྱ་སྒོར་ཐེར་འབུམ་༨༢༠ མ་རྩ་བཙུགས་ཡོད་འདུག ལས་གཞི་དེ་དག་གི་ཁོངས་སུ་ནུས་ཤུགས་ཐོན་ཁུངས་གསར་བཟོ་དང་། འགྲིམ་འགྲུལ་གྱི་གཞུང་ལམ། གློག་ཁང་གསར་རྒྱག མེ་འཁོར་ལྕགས་ལམ་སོགས་ཡོད་འདུག ཐོག་མར་རྒྱ་ནག་གཞུང་གི་ལས་གཞི་དེའི་བརྒྱུད་ནས་རྒྱལ་ཁབ་གཞན་གྱི་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་སུ་རོགས་རམ་ཡིན་ཚུལ་བརྗོད་ཡོད་ཀྱང་། དོན་ལ་རྒྱ་ནག་རང་གི་བཟོ་གྲྭ་དང་ཚོང་གཉེར་ཁང་དག་ལ་ཡོང་འབབ་ཡོང་ཆེད་ཡིན་པ་དང་། རྒྱ་ནག་རང་ལ་རྒྱལ་སྤྱིའི་ཐོག་མཚན་སྙན་ཡོང་ཐབས་ཆེད་དུ་ཡིན་འདུག འོན་ཀྱང་། ད་ཆར་རྒྱ་ནག་གི་ཐོག་མའི་དམིགས་ཡུལ་གཞིར་བཟུང་ལེགས་གྲུབ་བྱུང་མེད་པ་དང་། རྒྱ་སྒོར་དེ་རྒྱལ་སྤྱིའི་ཐོག་ཨ་སྒོར་ནང་བཞིན་བེད་སྤྱོད་གཏོང་ཐུབ་ཐབས་བྱས་ཡོད་ཀྱང་ལེགས་གྲུབ་བྱུང་མེད་པ་དང་། དེ་བཞིན་རྒྱ་ནག་གི་ཚོང་གཉེར་ཁང་མང་པོ་ཞིག་ལ་རྒྱལ་སྤྱིའི་ནང་དཀའ་ངལ་འཕྲད་བཞིན་པ་རྣམས་སེལ་ཐུབ་མེད་པ་བཅས་དམིགས་ཡུལ་གཞིར་བཟུང་བྱུང་ཡོད་མི་འདུག འོན་ཀྱང་། འདས་པའི་ལོ་བཅུའི་ནང་རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་ཁོངས་གཏོགས་སུ་ཡོད་པའི་རྒྱལ་ཁབ་ལྷོ་ཨ་མེ་རི་ཁ་དང་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག དེ་བཞིན་དཀྱིལ་ཤར་ཡུལ་གྲུ་ཁག་གི་རྒྱལ་ཁབ་བཅས་ཀྱི་བར་སྣུམ་དང་རླངས་རྫས། གཞན་ཡང་ཐོན་ཁུངས་མང་པོ་ཞིག་གི་ཚོང་འབྲེལ་ཨ་སྒོར་ཁྲག་ཁྲིག་ཆེན་པོ་༡ ཙམ་བྱུང་ཡོད་པར་བརྗོད་འདུག རྒྱ་ནག་ལ་མཚོན་ན་ཐོན་ཁུངས་མང་ཆེ་བ་ཞིག་ཕྱི་ཕྱོགས་ནས་ནང་འདྲེན་བྱེད་དགོས་ཀྱི་ཡོད་པ་དང་། དེ་ཡང་ཨ་རིའི་ནང་དངོས་ཟོག་མང་པོ་ཞིག་རྒྱ་ནག་ལ་ནང་འདྲེན་བྱེད་ཀྱི་ཡོད་པར་བརྟེན། ཨ་རྒྱ་གཉིས་བར་ཚོང་འབྲེལ་ཐོག་རྩོད་རྙོག་བྱུང་བའི་རྐྱེན་གྱིས་ཨ་རི་ནས་རྒྱ་ནག་ལ་དངོས་ཟོག་ཕོན་ཆེན་ནང་འདྲེན་བྱེད་ཀྱི་ཡོད་པ་དག་བཀག་སྡོམ་བྱས་པར་བརྟེན། རྒྱ་ནག་གི་དངོས་ཟོག་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་ནས་ནང་འདྲེན་བྱེད་དགོས་བྱུང་ཡོད་འདུག བྷར་ཛིལ་ལྟ་བུར་མཚོན་ན་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ནས་བུ་ལོན་ཕོན་ཆེན་རག་ཡོད་པའི་རྒྱལ་ཁབ་གཅིག་ཡིན་འདུག དེ་སྔོན་རྒྱ་ནག་གིས་ལྷོ་ཀོ་རེ་ཡ་དང་། ཉི་ཧོང་། ཨ་རི་བཅས་ནས་སྣུམ་ནང་འདྲེན་བྱེད་ཀྱི་ཡོད་ཀྱང་། ད་ཆར་རྒྱ་ནག་གིས་དཀྱིལ་ཨེ་ཤེ་ཡ་བརྒྱུད་དེ་ཨུ་རུ་སུ་དང་། ཨི་རན། བྷར་ཛིལ་བཅས་ནས་སྣུམ་ནང་འདྲེན་བྱེད་ཀྱི་ཡོད་འདུག
བུ་ལོན་གྱི་ཞགས་ཐག
རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་བརྒྱུད་ནས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་རྒྱལ་ཁབ་སྐྱོ་བ་རྣམས་ལ་བུ་ལོན་ཕོན་ཆེན་སྤྲད་ཡོད་པ་དང་། ད་ཆར་རྒྱ་ནག་ནི་འཛམ་གླིང་ནང་བུ་ལོན་སྤྲོད་མཁན་ཆེ་ཤོས་དེ་ཡིན་འདུག་ལ། རྒྱ་ནག་གཞུང་དང་རྒྱ་མི་སྒེར་གྱི་ཚོང་གཉེར་གཉིས་ཀྱི་ཐོག་ནས་ཨ་སྒོར་ཐེར་འབུམ་མང་པོ་བུ་ལོན་སྤྲད་ཡོད་འདུག འོན་ཀྱང་། བུ་ལོན་ག་ཚོད་སྤྲད་ཡོད་མེད་ཁ་གསལ་མེད་པ་དང་གསང་བ་ཆེན་པོ་བྱེད་ཀྱི་ཡོད་འདུག རྒྱལ་ཁབ་སྐྱོ་གྲས་ཤྲི་ལིང་ཁ་དང་མལ་ཌེབ་སི། ལོཝ་སི། ཁེན་ཡ་སོགས་ལ་བུ་ལོན་འབོར་ཆེན་སྤྲད་པའི་རྐྱེན་གྱིས་ད་ཆར་བུ་ལོན་ཕྱིར་སྤྲོད་མ་ཐུབ་ནས་རྒྱལ་ཁབ་དེ་དག་གི་བདག་དབང་ལ་རྒྱ་ནག་གིས་ཐེ་གཏོགས་བྱེད་ཀྱི་ཡོད་པ་དང་། ཤྲི་རི་ལིང་ཁ་ལྟ་བུར་མཚོན་ན་རྒྱུད་གཅིག་ལམ་གཅིག་ནས་བླངས་པའི་བུ་ལོན་རྣམས་ཕྱིར་སྤྲོད་མ་ཐུབ་པར་བརྟེན། ཕྱི་ལོ་༢༠༡༧ ནས་(Hambantota port)ཟེར་བའི་གྲུ་གཟིངས་འབབ་ཚུགས་དེ་ལོ་ངོ་༩༩ རིང་རྒྱ་ནག་ལ་དབང་ཟིན་པ་ལྟར། རྒྱལ་ཁབ་མང་པོའི་ནང་བུ་ལོན་སྤྲོད་མ་ཐུབ་ཚེ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡིན་འདུག རྒྱ་ནག་ནང་ལ་ཆ་མཚོན་ན་ཏོག་དབྱིབས་ནད་དུག་རྗེས་སུ་དཔལ་འབྱོར་ཉམས་ནས་དཀའ་ངལ་ཆེན་པོ་འཕྲད་ཡོད་ཀྱང་། བསྐྱར་གསོ་ལས་སླ་བོ་བྱེད་ཐུབ་ཀྱི་མེད་པ་དང་། དེ་བཞིན་གཞོན་སྐྱེས་ལས་མེད་ཀྱི་གྲངས་ཀ་ཧ་ཅང་མང་པོ་ཡོད་ཀྱང་དེ་དག་ལ་ལས་ཀ་སྤྲོད་མ་ཐུབ་པ་སོགས་རྒྱལ་ནང་དུ་དཀའ་ངལ་ཆེན་པོ་ཡོད་འདུག་ལ། རྒྱལ་ཁབ་གཞན་ལ་རྒྱུད་གཅིག་ལམ་གཅིག་གི་བུ་ལོན་སྤྲད་པ་དག་གིས་ཕྱིར་བུ་ལོན་དུས་ཐོག་ཏུ་སྤྲོད་མ་ཐུབ་པས་དུས་འགྱངས་བྱེད་དགོས་བྱུང་ནས་ཨ་སྒོར་ཐེར་འབུམ་༢༤༠ བུ་ལོན་ལེན་རྒྱུ་ལྷག་ཡོད་འདུག གཞན་རྒྱལ་ཁབ་འགའ་ཤས་ཀྱིས་ཕྱིས་སུ་བུ་ལོན་གྱི་ཞགས་ཐག་ཡིན་པ་རྟོགས་ནས་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ནང་མི་ཞུགས་རྒྱུ་ཐག་བཅོད་བྱེད་མཁན་མ་ལེ་ཤི་ཡ་དང་ཊི་ཛ་ནི་ཡའི་རྒྱལ་ཁབ་དག་བྱུང་འདུག
ཕྱི་འབྲེལ་གྱི་ཐོག་ནས་རྒྱུད་གཅིག་ལམ་གཅིག་གིས་རྒྱ་ནག་ལ་ཁེ་ཕན་ཆེན་པོ་ཐོབ་ཡོད་པ།
རྒྱ་ནག་གིས་གོ་ལའི་ཁྱོན་ཡོངས་ལ་རྒྱུད་གཅིག་ལམ་གཅིག་བརྒྱུད་ནས་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་མེད་ཀྱང་། ལས་གཞི་དེ་ལ་བརྟེན་ནས་རྒྱ་ནག་གི་འཇམ་པོའི་ནུས་སྟོབས་དེ་ཧ་ཅང་ཁྱབ་རྒྱ་ཆེན་པོ་ཕྱིན་ཡོད་པ་དང་། རྒྱ་ནག་གི་མཐོ་སློབ་ཁག་མང་པོ་ཞིག་ལ་རིག་གཞུང་བརྗེ་ལེན་གྱི་ལས་གཞི་གསར་འཛུགས་བྱས་ནས་སློབ་ཡོན་ཕོན་ཆེན་ཐོབ་ཡོད་འདུག་ལ། (Confucius Institutes)ཁུང་ཙི་དམར་པོའི་ལྟ་གྲུབ་ལྟེ་གནས་ཁང་མང་པོ་ཞིག་རྒྱལ་ཁབ་གཞན་ནང་བཙུགས་ཐུབ་ཡོད་འདུག (Pew Research)ཟེར་བའི་ཉམས་ཞིབ་ལྟེ་གནས་ཁང་གིས་བརྗོད་དོན་ལ། འདས་པའི་ལོ་བཅུའི་ནང་དཔལ་འབྱོར་དེ་ཙམ་ཡར་རྒྱས་ཕྱིན་མེད་པའི་རྒྱལ་ཁབ་མང་པོའི་ནང་རྒྱ་ནག་ལ་དགའ་ཞེན་བྱེད་མཁན་མང་དུ་ཕྱིན་པར་བརྗོད་འདུག དཔེར་ན། མེག་སི་ཀོ་དང་། ཨར་ཇེན་ཌི་ན། ལྷོ་ཧྥི་རི་ཀ ཁེན་ཡ། ནེ་ཇི་ར་ཡ་སོགས་ཡིན་འདུག དེ་དག་ལ་བལྟས་ན་གོ་ལའི་ལྷོ་རྒྱུད་ལ་ཡོད་པའི་རྒྱལ་ཁབ་སྐྱོ་བོ་མང་པོ་ཞིག་ཨ་རི་ལས་རྒྱ་ནག་ལ་དགའ་མཁན་མང་བ་ཡོད་འདུག་པ་དང་། དེ་དག་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་གྲུབ་འབྲས་ཆེ་ཤོས་རེད་ཅེས་བརྗོད་འདུག འོན་ཀྱང་། མ་འོངས་པར་བུ་ལོན་སྤྲོད་མ་ཐུབ་པའི་རྒྱལ་ཁབ་དེ་དག་གི་ཕྱི་འབྲེལ་སྲིད་བྱུས་དང་ནང་སྲིད་ལ་རྒྱ་ནག་གིས་ཐེེ་བྱུས་བྱེད་རྒྱུའི་ཉེན་ཁ་ཆེ་པོ་ཡོད་པ་དང་། ད་ཆར་ཐེ་ཝན་ལ་རྒྱལ་ཁབ་མང་པོ་ཞིག་གིས་རྒྱབ་སྐྱོར་མེད་པ་ནི། རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་བརྒྱུད་ནས་ལས་གཞི་དེའི་ཁོངས་གཏོགས་སུ་ཡོད་མཁན་རྒྱལ་ཁབ་དག་ལ་གནོད་ཤུགས་སྤྲད་ནས་བཀག་སྡོམ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་རེད་ཅེས་བརྗོད་འདུག
ད་ཆར་རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་ཁྲོད་འགྱུར་ལྡོག་ཁག་གཅིག་གཏོང་དགོས་བྱུང་ཡོད་འདུག་ལ། ད་དུང་ལས་གཞི་གསར་པོ་མང་པོ་ཞིག་ཡོད་འདུག་པ་དང་། ཕྱི་ཕྱོགས་སུ་བུ་ལོན་སྤྲོད་རྒྱུ་སྔར་ལས་བརྒྱ་ཆ་༥༠ ཉུང་དུ་གཏོང་རྒྱུ་ཡིན་འདུག (at Renmin University of China)ཞེས་པའི་མཐོ་སློབ་ཀྱི་སློབ་དཔོན་(Wang Yiwei)་ཟེར་བས་བརྗོད་དོན་ལ།
མ་འོངས་པའི་ལས་གཞི་དེ་ལེགས་གྲུབ་ཡོང་ཐུབ་མིན་ནི་འཛམ་གླིང་ནང་རྒྱ་ནག་གིས་རྒྱལ་ཁབ་ཚང་མའི་སྣེ་འཁྲིད་ཐུབ་མིན་ལ་རག་ལས་ཡོད་པ་དང་། ད་ཆར་ནུབ་ཕྱོགས་རྒྱལ་ཁབ་དག་གིས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་ལས་འགུལ་ཞིག་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་གོ་ལ་གཅིག་གྱུར་དེ་གྲང་དམག་གི་ཉེན་ཁའི་གནས་སུ་ཡོད་པར་བརྟེན། མ་འོངས་པར་རྒྱུད་གཅིག་ལམ་གཅིག་བརྒྱུད་ནས་གྲང་དམག་གི་འཁོན་འཛིན་དོར་ནས་ཤར་ནུབ་ཕན་ཚུན་བར་མཐུན་ལམ་བསྐྲུན་རྒྱུ་ནི་ལས་གཞི་དེའི་དཀའ་ངལ་ཆེ་ཤོས་ཤིག་རེད་ཅེས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།