ལོ་བཞིའི་ནང་བོད་རྒྱ་འབྲེལ་མོལ་ཐོག་འདོད་པ་ཚིམ་པ་དེ་འདྲ་གང་ཡང་བྱུང་མ་སོང་ཞེས་བརྗོད་སོང་།


པར། སྤྱི་འཐུས་ལྷན་ཚོགས

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠ པའི་ལས་ཉིན་ལྔ་པ་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་ནས། སྐར་རྟགས་ཅན་གྱི་དྲི་བ་དང་འབྲེལ། གྲོས་ཚོགས་སུ་བོད་རྒྱ་འབྲེལ་མོལ་དང་གཏན་འཇགས་ཐབས་བྱུས་ཚོགས་ཆུང་། སྒོ་རྒྱབ་ཀྱི་འབྲེལ་བ་སོགས་ཀྱི་སྐོར་གླེང་སློང་གནང་སོང་།
ཕྱི་ལོ་༢༠༢༥ ཟླ་༩ ཚེས་༡༥ ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་ལྔ་པའི་ཐོག སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཁྲི་གཙོ་བོ་ཞིག་ནི་བོད་རྒྱའི་དཀའ་རྙོག་སེལ་ཐབས་དེ་ཡིན་པར་དེའི་ཐོག་ལོ་མང་ཐབས་བྱུས་སྣ་མང་གནང་ཡོད། དཔེར་ན་༢༠༢༤ ལོར་བཀའ་ཤག་སྐབས་༡༦ པའི་སྲིད་སྐྱོང་གི་འགན་འཁྲིས་ཨ་རིའི་གྲོས་ཚོགས་སུ་བོད་དོན་ཁྲིམས་འཆར་༼Resolve Tibet Act༽ གཏན་འབེབས་གནང་ཡོད། དེའི་ནང་དོན་དུ་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པ་མ་ཟད། བོད་ཅེས་པ་ནི་ཆོལ་ཁ་གསུམ་ཡིན་པར་བསྐྱར་ནན་འཁོད་ཡོད་པ་དེར་བོད་རྒྱལ་ཁབ་གཙོ་བོ་གཞིར་བཞག་གི་ལས་དོན་གལ་ཆེན་ཞིག་ཆགས་ཡོད། དེ་ཙམ་མ་ཡིན་པའི་༢༠༠༢ ནས་འགོ་འཛུགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད། ད་བར་བོད་རྒྱ་འབྲེལ་མོལ་ཐེངས་དགུ་གནང་ཡོད། འོན་ཀྱང་། ཕྱི་ལོ་༢༠༡༠ ནས་ད་བར་རྒྱ་ནག་གཞུང་གིས་ཟོལ་མེད་ཀྱི་ཁ་ཡ་མ་བྱས་པར་འབྲེལ་མོལ་སླར་གསོ་མེད་པར་ལོ་༡༥ ཕྱིན་ཡོད་ན། བཀའ་ཤག་ངོས་ནས་དེ་ལ་བསམ་ཚུལ་དང་གཟིགས་ཚུལ་གང་ཡོད་དམ་དང་། བཀའ་ཤག་སྐབས་༡༦ པའི་དུས་ཡུན་རྫོགས་ལ་ཉེ་བ་ཡིན་པར་བོད་རྒྱ་འབྲེལ་མོལ་ཐབས་བྱུས་ཚོགས་ཆུང་གི་ལས་དོན་གྱི་གནས་བབས་ད་ལྟ་ག་པར་ལ་སླེབས་ཡོད་དམ། རྒྱལ་སྤྱིའི་སྟེང་ཆབ་སྲིད་འཕོ་འགྱུར་རྐྱེན་པས་ད་ལམ་རྒྱལ་ཁབ་མང་པོས་རྒྱ་ནག་ལ་ལྟ་ཚུལ་དང་ཚོར་སྣང་སྔར་དང་མི་འདྲ་བའི་ཞན་པོ་ཆགས་ཡོད། དེ་ནི་རྒྱལ་སྤྱིའི་སྙན་གྲགས་ཅན་སྒྲིག་འཛུགས་ཀྱི་སྙན་ཐོ་ཁག་དང་། རྒྱལ་ཁབ་མཉམ་འབྲེལ་གྱིས་རྒྱ་ནག་ལ་གདོང་ལེན་ཆེད་འཛུགས་ཀྱི་ལས་གཞི་དང་སྒྲིག་འཛུགས་ཁག་ནས་མངོན་གསལ་མཚོན་ཐུབ། རྒྱལ་སྤྱིའི་ཆབ་སྲིད་འཕོ་འགྱུར་དུས་ཀྱི་འགྱུར་བ་གཞིར་བཞག་གི་ད་ཆ་བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་བོད་རྒྱ་འབྲེལ་མོལ་དེ་ལ་འགྱུར་བཅོས་ཤིག་དགོས་པར་གཟིགས་ཀྱི་ཡོད་དམ་ཞེས་སྐར་རྟགས་ཅན་གྱི་དྲི་བ་གསུམ་དྲིས་པར།
སྲིད་སྐྱོང་སྤེན་པ་ཚེ་རིང་གིས་དྲི་བའི་ནང་། བོད་དོན་ཁྲིམས་འཆར་ཞེས་འཁོད་པ་དེ་བོད་དོན་ཁྲིམས་ཡིག་ཡིན་དགོས། ད་ལྟའི་ཆར་རྒྱ་ནག་གི་འགོ་འཁྲིད་ཚོས་བོད་ཐོག་མཁྲེགས་འཛིན་གྱི་སྲིད་བྱུས་འཛིན་སྟངས་ལ་བལྟས་ན། རེ་བ་དེ་ཙམ་མ་མཐོང་ནའང་། སྒོ་རྒྱབ་ཀྱི་འབྲེལ་བ་འཇོག་བཞིན་ཡོད། མ་འོངས་རྒྱ་ནག་གི་འགོ་འཁྲིད་བསམ་ཤེས་ཅན་བྱུང་བའམ། རྒྱ་ནག་ནང་འགྱུར་བ་ཆེན་པོ་འགྲོ་བཞིན་པ་དང་། རྒྱལ་སྤྱིའི་ཆབ་སྲིད་འཁྲུག་པོའི་ཁྲོད་བོད་དོན་འཐབ་རྩོད་ལ་གོ་སྐབས་དང་གདོང་ལེན་ཇི་ཡོད་ཐབས་བྱུས་ལྡན་པའི་སྒོ་ནས་གོམ་པ་རྒྱག་བཞིན་ཡོད་ཅེས་དང་།
བོད་རྒྱ་འབྲེལ་མོལ་ཐབས་བྱུས་ཚོགས་ཆུང་དེ་གཏན་འཇགས་ཐབས་བྱུས་ཚོགས་ཆུང་ལ་བསྒྱུར་ཟིན་པ་ལྟར། གཏན་འཇགས་ཐབས་བྱུས་ཚོགས་ཆུང་ལ་གོ་དགོས་ན། ཚོགས་ཆུང་དེའི་ལས་དོན་དགོས་དམིགས་ལྟར་སྐབས་བསྟུན་ཞུ་སྒོ་ཁག་ཞུ་མུས་ཡིན། དེ་ལྷག་ལན་ཞུ་ཐབས་མ་མཆིས་ཞེས་དང་།
དེ་བཞིན་བོད་རྒྱ་འབྲེལ་མོལ་དང་ཞི་མོལ་བརྒྱུད་བོད་རྒྱའི་དཀའ་རྙོག་གསལ་དགོས་ཀྱི་ཡོད་སྟབས། དྲི་བ་དང་པོའི་ལན་དུ་གསལ་བ་ལྟར། སྐབས་དུས་སོ་སོའི་གནས་སྟངས་ལ་བསྟུན་ནས་ཐབས་བྱུས་འགྱུར་བ་གཏོང་དགོས་པ་ཡོང་སྲིད་པ་བཅས་ལན་འདེབས་གནང་སོང་།
སྲིད་སྐྱོང་གི་སྐར་རྟགས་ཅན་གྱི་དྲི་བ་ཨང་༣ པའི་བཀའ་ལན་ལས་འཕྲོས་ཏེ། སྤྱི་འཐུས་ཁག་ཅིག་གིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་། དེའི་འགྲེལ་བརྗོད་བཅས། ཡིག་ཆ་གཉིས་ཕུལ་ཡོད་པ་དེར་ནུས་པ་ཡོད་མེད་དང་། ཡིག་ཆ་དེ་གཉིས་ནུས་མེད་གཏོང་བའི་དུས་ལ་བབ་ཡོད་མེད། བོད་རྒྱ་འབྲེལ་མོལ་གྱི་འགན་ཆེ་བ་དེ་དགའ་ལྡན་ཕོ་བྲང་དང་བཀའ་ཤག་གཉིས་ལས་གང་གིས་འཁུར་གྱི་ཡོད་མེད། སྒོ་རྒྱབ་ཀྱི་འབྲེལ་བའི་ངོས་འཛིན་ཇི་ལྟར་བྱེད་དགོས་པ་དང་དེའི་ཉེན་ཁ་སོགས་ཀྱི་ཐོག་དྲི་བ་དྲིས་པར།
སྲིད་སྐྱོང་གིས་བོད་རྒྱ་ཞི་མོལ་སླར་གསོ་དངོས་སུ་བྱུང་བའི་སྐབས་སུ་གོམ་པ་གང་འདྲ་རྒྱག་དགོས་མིན་གྱི་གནས་སྟངས་ཤིག་ཆགས་ཡོང་གི་ཡོད་པ་དང་། ཕྱི་ལོ་༢༠༠༢ ནས་ད་བར། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་མཇུག་སྐྱོང་དེ་མུ་མཐུད་གནས་མུས་དང་། ནུས་མེད་གཏོང་མིན་གྱི་སྐད་ཆ་ད་ལྟ་བསླེབ་ཀྱི་མེད་པ།
ད་ལྟ་བོད་རྒྱ་འབྲེལ་མོལ་གྱི་འབྲེལ་བ་སླར་གསོ་ཡོང་མིན་གྱི་གནས་སྟངས་འོག གནས་སྟངས་གང་ཡོང་ཐོག་༸གོང་ས་མཆོག་ལ་སྙན་སེང་དང་། ༧གོང་ས་མཆོག་གི་ལམ་སྟོན་ལྟར་གོམ་པ་རྒྱག་བཞིན་ཡོད་པ། ད་ལྟའི་ཆར་མི་འགྲོ་ཐད་སྲིད་སྐྱོང་གིས་འགན་འཁུར་བཞིན་པ་དང་། གལ་སྲིད་བོད་རྒྱ་ཞི་མོལ་དངོས་སུ་འགོ་བཙུགས་ཐུབ་པའི་གནས་སྟངས་བྱུང་ན། སྐབས་དེ་དུས་སྐུ་ཚབ་དང་དམིགས་བསལ་སྐུ་ཚབ་ཀྱི་མཚན་གནས་གང་དགོས་ཡང་། ༸གོང་ས་མཆོག་ནས་བསྐོ་བཞག་གནང་རྒྱུ་ཡིན་པ།
སྒོ་རྒྱབ་ཀྱི་འབྲེལ་བ་གང་བཞག་གི་ཡོད་ན་ཡང་། དེ་སྲིད་སྐྱོང་གི་བཀའ་འཁྲོལ་འོག་འགྲོ་མུས་དང། བཀའ་འཁྲོལ་མེད་པའི་སྒོ་རྒྱབ་ཀྱི་འབྲེལ་བ་གང་ལ་ཡང་ངོས་འཛིན་བྱེད་ཀྱི་མེད་པ། སྒོ་རྒྱབ་ཀྱི་འབྲེལ་བ་བྱེད་ས་ཚོང་པ་མིན་པ་མ་ཟད། གཟབ་གཟབ་བྱེད་དགོས་སར་གྲོས་བསྡུར་རིམ་པ་མང་པོ་བྱེད་བཞིན་ཡོད་ཅེས་ལན་འདེབས་གནང་སོང་།
སྤྱི་འཐུས་འགས་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་དང་གཏན་འཇགས་ཐབས་བྱུས་ཚོགས་ཆུང་གཉིས་ཀྱི་ངོ་བོ་དང་བྱེད་ལས་སོགས་བར་ཁྱད་པ་གང་ཡོད་མེད། བཀའ་ཤག་ནས་འདས་པའི་ལོ་ངོ་བཞི་ལྷག་གི་རིང། བོད་རྒྱ་འབྲེལ་བའི་ཐོག་ཏུ་འདོད་པ་ཚིམ་པའི་ལས་ཀ་དེ་འདྲ་ཞིག་བྱུང་སོང་བསམ་པའི་གདེང་ཚོད་ཡོད་པའི་བཀའ་མོལ་གསུང་རྒྱུ་ཡོད་མེད། མ་འོངས་ཟླ་བ་བརྒྱད་ཙམ་གྱི་རིང་། དེ་འདྲ་ཞིག་ཡོང་ཐུབ་ཀྱི་རེད་བསམ་པའི་རེ་བ་གང་ཡོད་མེད་དྲིས་པར།
སྲིད་སྐྱོང་གིས་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་དང་གཏན་འཇགས་ཐབས་བྱུས་ཚོགས་ཆུང་གཉིས་ལ་མིའི་གྲུབ་ཆའི་ཐོག་ནས་ཁྱད་པར་ཡོད་ལ། བོད་རྒྱ་འབྲེལ་མོལ་ཚོགས་ཆུང་གིས་བོད་རྒྱ་འབྲེལ་མོལ་རྐྱང་བའི་ཐོག་ལས་ཀ་བྱེད་དགོས་པ་རེད། གཏན་འཇགས་ཐབས་བྱུས་ཚོགས་ཆུང་གིས་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཡིག་ཆ་སོགས་གྲ་སྒྲིག་བྱེད་བཞིན་ཡོད། བོད་རྒྱ་འབྲེལ་མོལ་ཐོག་ཐད་ཀར་འབྲེལ་བ་མེད་ན་ཡང་། ཐབས་བྱུས་ཐོག་ལས་ཀ་བྱེད་བཞིན་ཡོད་པ་མ་ཟད། མ་འོངས་བར་གཏན་འཇགས་ཐབས་བྱུས་ཚོགས་ཆུང་ཤུགས་ཆེ་རུ་གཏོང་དགོས་པའི་གནས་བབ་འདུག་ཅེས་དང་། དེ་བཞིན་ཁོང་གིས་བོད་རྒྱ་འབྲེལ་མོལ་ཐོག་འདོད་པ་ཚིམ་པ་དེ་འདྲ་གང་ཡང་བྱུང་མེད་པ་མ་ཟད། མ་འོངས་ཟླ་བ་བརྒྱད་ཀྱི་ནང་མངོན་གསལ་དོད་པོའི་གྲུབ་འབྲས་ཐོན་རྒྱུའི་རེ་བ་ཞུ་ཤེས་རྒྱུ་ཁག་པོ་ཡིན་པ་སོགས་ཀྱི་ལན་འདེབས་གནང་སོང་།།
གསར་འགོད་པ། བློ་བཟང་རྒྱ་མཚོ།
[6:28 pm, 15/09/2025] Serta Tsultrim Toktsatsan: ཕུལ་ཡོད།