ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ལྕམ་ཨང་སང་སུའུ་ཅེ་བཙོན་འཇུག་བྱས་འདུག
ཟླ་འདིའི་ཚེས་༢༧ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རང་ལོ་༧༦ ཡིན་པའི་འབར་མའི་མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་ཨང་སང་སུའུ་ཅེ་ལ་འབར་མའི་དྲག་དམག་སྲིད་གཞུང་གིས་གསང་བའི་ངང་ཁྲིམས་ཞིབ་བྱས་པ་བརྒྱུད། ཁོང་གིས་ལྐོག་ཟ་རུལ་སུངས་བྱས་པ་ར་སྤྲོད་བྱུང་ཡོད་པའི་ཉེས་མིང་འོག་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
ཕྱི་ལོ་༢༠༢༡ ཟླ་༢ པ་ནས་བཟུང་འབར་མའི་དྲག་དམག་སྲིད་གཞུང་གིས། ལྕམ་ཨང་སང་སུའུ་ཅེ་ཡི་སྲིད་དོན་ཚོགས་པར་འོས་བསྡུའི་འགྲུབ་འབྲས་རྫུན་བཟོ་བྱས་པའི་ཉེས་འཛུགས་འོག་རང་ཁྱིམ་དུ་བཟང་བཙོན་འོག་བཅུག་ཡོད་པ་མ་ཟད། ཐེངས་འདིའི་དྲག་དམག་སྲིད་གཞུང་གི་འབར་མའི་རྒྱལ་སའི་ཁྲིམས་ཁང་དུ་གསང་བའི་ཁྲིམས་ཞིབ་བྱེད་སྐབས་མི་མང་དང་གསར་འགོད་པ་ཟུར་ཉན་དུ་བཏང་མེད་པ་མ་ཟད། ལྕམ་ཨང་སང་སུའུ་ཅེའི་ཁྲིམས་རྩོད་པར་ད་རེས་ཁྲིམས་ཞིབ་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ལ་སྐད་ཆ་གཅིག་ཀྱང་བཤད་མི་ཆོག་སྐོར་བརྗོད་འདུག
དེ་བཞིན་རེས་གཟའ་ལྷག་པའི་ཉིན་འབར་མའི་དྲག་དམག་སྲིད་གཞུང་གི་ཁྲིམས་ཁང་ (junta court) གིས་ལྕམ་ཨང་སང་སུའུ་ཅེས་འབར་མའི་གྲོང་ཁྱེར་ཆེ་ཤོས་ཡོན་གྷན་(Yangon) གྱི་སྤྱི་ཁྱབ་ཟུར་པའི་ལག་ནས་དངུལ་རྐྱང་ཨ་སྒོར་འབུམ་དྲུག་དང་། གསེར་ཕོན་ཆེན་ཞིག་ལྐོག་རྔན་བླངས་ཡོད་པའི་ནག་ཉེས་ར་སྤྲོད་བྱུང་ཡོད་སྐོར་གྱི་ཁྲིམས་ཐག་བཅད་ཡོད་ཀྱང་། ཨང་སན་སུའུ་ཅེས་ནག་ཉེས་དེར་ངོས་ལེན་བྱས་མེད་པ་མ་ཟད། ཁོའི་རྒྱབ་སྐྱོར་བ་མང་པོ་ཞིག་གིས་དྲག་དམག་སྲིད་གཞུང་གིས་ཁྲིམས་ཁང་ནས་ལྕམ་ཨང་སང་སུའུ་ཅེའི་ལྐོག་ཟ་རུལ་སུངས་བྱས་པའི་ནག་ཉེས་དེ་དག་ནི་རྫུན་བཟོ་བྱེད་པ་ཞིག་ཡིན་ལུགས་བརྗོད་ཡོད་འདུག
འབར་མའི་དྲག་དམག་སྲིད་གཞུང་གིས་ཕྱི་ལོ་༢༠༢༡ ཟླ་༡༢ པའི་ནང་ལྕམ་ཨང་སན་སུའུ་ཅེའི་སྲིད་དོན་ཚོགས་པར་འོས་བསྡུའི་གྲུབ་འབྲས་རྫུན་བཟོ་བྱས་པ་དང་། རང་ཁྱིམ་དུ་སྐུད་མེད་རླུང་འཕྲིན་བེད་སྤྱོད་བྱས་པ་དང་། ཏོག་དབྱིབས་གཉན་རིམས་ཀྱི་སྒྲིག་ཁྲིམས་ལས་བརྒལ་བ་ལ་སོགས་པའི་ནག་ཉེས་ཁག་༡༠ ལྷག་བཀལ་ཡོད་པ་དང་། གལ་སྲིད་ཉེས་འཛུགས་བྱས་པའི་ནག་ཉེས་དེ་དག་ར་སྤྲོད་བྱུང་ཚེ་ནག་ཉེས་གཅིག་ལ་ལོ་༡༥ ཁྲིམས་ཐག་གཅོད་ཀྱི་ཡོད་པས། དེ་ལྟར་བྱས་ཚེ་ལྕམ་ཨང་སང་སུའུ་ཅེའི་མི་ཚེ་ཧྲིལ་པོ་བཙོན་ཁང་དུ་སྡོད་དགོས་ཆགས་ཀྱི་ཡོད་སྐོར་མོའི་ཁྲིམས་རྩོད་པས་བྷི་བྷི་སི་གསར་ཁང་ལ་བརྗོད་ཡོད་འདུག
དེ་བཞིན་ད་རེས་ཀྱི་གནད་དོན་དང་འབྲེལ་བའི་སྐོར་ལ་མང་གཙོ་དོན་གཉེར་བ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཁབ། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་ཀྱིས་འབར་མའི་དྲག་དམག་སྲིད་གཞུང་གིས་གསང་བའི་ཐོག་ལྕམ་ཨང་སང་སུའུ་ཅེ་ལ་ཉེས་འཛུགས་བྱས་པ་དེ་ནི་ཁྲིམས་མཐུན་མིན་པའི་སྐྱོན་བརྗོད་བྱས་ཡོད་ཀྱང་། འབར་མའི་དྲག་དམག་སྲིད་གཞུང་གིས་ངོས་ལེན་མ་བྱས་པ་མ་ཟད། ཐེངས་འདིའི་ཁྲིམས་ཆད་ཀྱང་ཡང་དག་ཅིག་ཡིན་སྐོར་དྲག་དམག་སྲིད་གཞུང་གི་མགྲིན་ཚབ་པས་བརྗོད་ཡོད་འདུག
ཕྱི་ལོ་༢༠༢༠ ལོར་ལྕམ་ཨང་སང་སུའུ་སྐྱིད་ཀྱི་མང་གཙོ་ཡར་ཐོན་ཚོགས་པར་འོས་བསྡུའི་ཁྲོད་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ཀྱང་། འབར་མའི་དྲག་དམག་སྲིད་གཞུང་གིས་མོའི་སྲིད་དོན་ཚོགས་པར་འོས་བསྡུའི་གྲུབ་འབྲས་རྫུན་བཟོ་བྱས་ཡོད་པའི་ཉེས་འཛུགས་དང་། དེ་བཞིན་འབར་མའི་ནང་ཟིང་འཁྲུག་བསླངས་བ་དང་ལྐོག་ས་རུལ་སུངས་བྱས་ཡོད་པའི་ཉེས་མིང་འོག་དྲག་དམག་གི་ཁྲིམས་ཁང་གིས་ལྕམ་ཨང་སན་སུའུ་ཅེ་དང་འབར་མའི་སྲིད་འཛིན་ཟུར་བ་ཝིན་མེན་ཊི་ (Win Myint) གཉིས་ལ་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
དེ་ཡང་ཕྱི་ལོ་༢༠༡༥ ལོར་ལྕམ་ཨང་སང་སུའི་ཅེའི་མང་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཡོངས་འོས་བསྡུའི་ཁྲོད་རྒྱལ་ཁ་ཆེན་པོ་ཐོབ་སྟེ། ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་དྲག་དམག་གི་དབང་སྒྱུར་འོག་ཡོད་པའི་གཞུང་དེ་ད་ཆ་མི་མང་གིས་འོས་འདེབས་བྱས་པའི་ཕྱེད་མང་གཙོའི་གཞུང་ཞིག་ལ་བསྒྱུར་ཡོད་པ་མ་ཟད། ལྕམ་ཨང་སང་སུའུ་ཅེ་ཡང་འབར་མའི་རྒྱལ་ཁབ་ཀྱི་མགོ་ཁྲིད་དང་སློབ་སྟོན་པ་བྱས་ཡོད། འོན་ཀྱང་ཕྱི་ལོ་༢༠༡༧ ནང་འབར་མའི་ནང་པ་དང་རོན་གྷ་ཁ་ཆེའི་བར་རྩོད་རྙོག་བྱུང་ཏེ། རོན་གྷ་ཁ་ཆེ་གྲངས་ཉུང་མི་རིགས་ལ་འབར་མའི་སྲིད་གཞུང་དམག་གིས་དྲག་རྒོལ་བྱས་པའི་གྱོད་དོན་དང་འབྲེལ་ནས། སྐབས་དེར་ལྕམ་ཨང་སང་སུའུ་ཅེའི་གཞུང་ལ་རྒྱལ་སྤྱིའི་ངོས་ནས་སྐྱོན་བརྗོད་ཤུགས་ཆེན་བྱས་པ་མ་ཟད། ཕྱི་ལོ་༢༠༡༩ རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཕུལ་བའི་དཔྱོད་ཤེས་ཀྱི་བཙོན་པ་ཞེས་པའི་གཟེངས་རྟགས་ཕྱིར་བསྡུ་བྱས་ཡོད་པ་དང་། དེ་བཞིན་ནོར་སྦེལ་ཞི་བདེའི་གཟེངས་རྟགས་དང་ཨ་རིའི་གྲོས་ཚོགས་ཀྱི་གཟེངས་རྟགས་སོགས་ཀྱང་ཕྱིར་བསྡུ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།།
གསར་འགོད་པ། བསྟན་འཛིན་ཆོས་གྲགས།