ལྡི་ལི་སྐུ་ཚབ་དོན་གཅོད་རྒྱ་གར་གྲོས་ཚོགས་འཐུས་མིར་མཇལ་འཕྲད།
ཕྱི་ཟླ་༡ ཚེས་ ༣༡ ཉིན་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དང་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་སུ་ཇཱིཏ་ཀུ་མཱར་(Shri Sujeet Kumar) དང་ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་གཉིས་ལྡི་ལིར་མཇལ་འཕྲད་གནང་ཡོད་པ་རེད།
སྐབས་དེར་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ཀྱིས་སྐུ་ཞབས་སུ་ཇཱིཏ་ཀུ་མཱར་ལ་ད་ལྟའི་བོད་ནང་གི་གནས་སྟངས་དང་། ༧གོང་ས་མཆོག བོད་མིའི་སྒྲིག་འཛུགས། དབུ་མའི་ལམ་གྱི་སྲིད་ཇུས་ངོ་སྤྲོད་དང། ཕྱོགས་མཚུངས་ལྡི་ལིར་རྟེན་གཞི་བྱས་པའི་སྐུ་ཚབ་དོན་གཅོད་ཁང་དང་དེའི་ལས་དོན་བྱེད་ཕྱོགས། དེ་མ་ཟད་འདི་ལོར་འཚོགས་འཆར་ཡོད་པའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་སྐོར་བཅས་ངོ་སྤྲོད་གནང་ཡོད་པ་རེད།
ཁོང་གཉིས་ནས་བོད་དོན་དང་འབྲེལ་བའི་གནད་དོན་འདྲ་མིན་ཐོག་གོ་བསྡུར་གནང་ཞིང་། སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ཀྱིས་སྐུ་ཞབས་སུ་ཇཱིཏ་ཀུ་མཱར་ལ་རྒྱ་གར་གྱི་གྲོས་ཚོགས་སུ་ཆབ་སྲིད་མ་ཡིན་པར་བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག ཁོར་ཡུག་སོགས་ལ་གཏོར་སྐྱོན་ཚབས་ཆེ་གཏོང་གི་ཡོད་པའི་གནད་དོན་རྣམས་གླེང་སློང་གནང་དགོས་པའི་རེ་སྐུལ་ཞུས།
སྐུ་ཞབས་སུ་ཇཱིཏ་ཀུ་མཱར་གྱིས་རང་ཉིད་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་དང་༧གོང་ས་མཆོག་ལ་གུས་བརྩི་ཞུ་མཁན་ཞིག་ཡིན་པའི་ཆ་ནས་བོད་དོན་ཐོག་རྒྱབ་སྐྱོར་གཙང་མ་གནང་རྒྱུ་ཡིན་སྐོར་གསུངས་པ་མ་ཟད། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བཞིན་བོད་དོན་ཞུ་གཏུག་ལས་གཞིའི་ཐད་སྔར་ལས་འབད་བརྩོན་གང་ཡོད་གནང་རྒྱུ་ཡིན་ཞེས་གསུངས། །
གསར་འགོད་པ་ཆོས་ཉིད་འོད་ཟེར།