ལྷོ་ཀོ་རི་ཡའི་ནང་རྒྱལ་སྤྱིའི་ཞི་བདེ་ཉིན་མོའི་བགྲོ་གླེང་ཐེངས་བཞི་པ།
ཕྱི་ལོ་༢༠༢༥ ཟླ་བ་༡༢ ཚེས་༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱ་ཐོག་ཏུ་གནང་ཚུལ་སྤེལ་དོན་ལ། ཕྱི་ཚེས་༢༠ ཉིན་ལྷོ་ཀོ་རི་ཡའི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ལྷོ་ཀོ་རི་ཡའི་གྷོང་གྱོང་ཇོན་ཚོགས་ཁང་དུ་རྒྱལ་སྤྱིའི་ཞི་བདེ་ཉིན་མོའི་བགྲོ་གླེང་ཐེངས་བཞི་པ་དེར་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་སྐོར་བགྲོ་གླེང་འཚོགས་ཡོད་འདུག

བགྲོ་གླེང་ཚོགས་འདུ་དེ་བཞིན་ཕྱི་ལོ་༡༩༨༩ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་གི་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་༣༦ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་རྒྱུ་དང་། ༸མགོན་པོ་མཆོག་གི་བྱམས་སྙིང་རྗེ་དང་། འཛམ་གླིང་ཞི་བདེའི་རིན་ཐང་གོང་འཕེལ་གཏོང་ཆེད་ཚོགས་ཡོད། ༸གོང་ས་མཆོག་གི་གསུང་འཕྲིན་ནང་། ཕྱི་ལོ་༡༩༨༩ ལོར་ངོས་ཀྱིས་གཉའ་གནོན་འོག་ཏུ་གནས་པའི་མི་མང་དང་འཛམ་གླིང་ཞི་བདེའི་དོན་དུ་ཕྱག་ལས་གནང་བཞིན་པའི་མི་མང་གི་ཚབ་ཞུས་ཏེ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཏེ་ངོས་ལེན་བྱས་པ་ཡིན་ཞེས་དང་། ངོས་ནས་ཀོ་རི་ཡའི་ནང་པའི་སྤྱི་ཚོགས་དང་ལྷན་དུ་འབྲེལ་བ་དེར་གཙིགས་ཆེར་འཛིན་གྱི་ཡོད་པ་མ་ཟད། ཀོ་རི་ཡའི་མང་ཚོགས་ནས་བོད་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ཀྱི་ཆོས་དང་རིག་གཞུང་གིས་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེ་གཙོ་བོར་བྱེད་ཀྱི་ཡོད་པ་དང་། དེས་འགྲོ་བ་མིའི་བརྒྱུད་ལ་ཞི་བདེ་བསྐྲུན་པའི་ནུས་པ་ཡོད་ཅེས་གསུངས་ཡོད་འདུག སྐབས་དེར་བརྗོད་གཞི་མི་འདྲ་བ་བཞིའི་ཐོག་གསུང་བཤད་གནང་ཡོད་འདུག
༡༽ སྐུ་ཞབས་ཇི་ནོག་ལགས་དང་སྐུ་ཞབས་ནུང་ཧེང་ལགས་རྣམ་གཉིས་ཀྱིས་ཆོས་ལུགས་མཐུན་སྒྲིལ་གྱི་ལམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་།
༢༽ སྐུ་ཞབས་ཤིམ་སན་ལགས་ཀྱིས་མི་རིགས་མཐུན་སྒྲིལ་དང་མཉམ་གནས་ཀྱི་ཤེས་རབ་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད།
༣༽ བསྟན་འཛིན་རབ་དགའ་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་གི་གོ་རྟོགས་ཞེས་པའི་ཐོག་གསུང་བཤད།
༤༽ བོད་སློབ་འཐུས་མི་གསུམ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་། མ་འོངས་པའི་མི་རབས་ཀྱི་འགན་ཁུར་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག
ཚོགས་འདུ་དེར་གཙོ་བོ་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་སྟེ་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་དང་། ཆོས་ལུགས་མཐུན་སྒྲིལ། བོད་མིའི་ཆོས་དང་རིག་གཞུང་། དེ་བཞིན་ཁོར་ཡུག་སྲུང་སྐྱོབ། རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བཅས་ཀྱི་ཐོག་བགྲོ་གླེང་གནང་ཡོད་འདུག བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གསུང་འཕྲིན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞི་བའི་ལྟ་གྲུབ་ནི་འགྲོ་བ་མི་རྣམས་གཅིག་ལ་གཅིག་བརྟེན་ཡིན་པའི་དྲན་སྐུལ་ཞིག་ཡིན་པ་དང་སྦྲགས། ནང་སེམས་ཀྱི་ཞི་བདེ་དང་། སྤྱི་ཚོགས་ཞི་བདེ། འཛམ་གླིང་ཞི་བདེ་བཅས་ཞི་བདེའི་རིམ་པ་གསུམ་གསལ་སྟོན་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ངོས་ནས་འཚེ་མེད་ཞི་བ་དང་གྲོས་མོལ་ལམ་ནས་ཞི་བའི་ཐབས་ལམ་ལག་བསྟར་བྱ་རྒྱུ་ཡིན་པ་བསྐྱར་ནན་གནང་ཡོད་འདུག
སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ཀྱི་སྲོལ་རྒྱུན་རིག་གཞུང་། བོད་ནང་གི་ད་ལྟའི་གནས་སྟངས་སྐོར་གོ་རྟོགས་སྤེལ་ཆེད་དམིགས་བསལ་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་འདུག མཛད་སྒོ་དེ་དང་འབྲེལ་ནས་ལྷོ་ཀོ་རི་ཡའི་སྐུ་ཚབ་ཅིག་གིས་བགྲོ་གླེང་འདིས་སྤྱི་ཚོགས་ནང་ཞི་བདེ་དང་རང་དབང་གི་རིན་ཐང་ཁྱབ་ཆེར་སྤེལ་བ་དང་། སྡུག་བསྔལ་མྱོང་བཞིན་པའི་མི་རིགས་རྣམས་ཀྱི་ཆེད་གདུང་སེམས་མཉམ་སྐྱེད་ཀྱི་ཚོར་བ་ཞིག་བསྐྲུན་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
