ལྷོ་བྱང་ཀོ་རི་ཡ་གཉིས་བར་འབྲེལ་ལམ་བསྐྱར་འཛུགས་བྱས་འདུག 

ལོ་ངོ་གཅིག་ལྷག་རྗེས་སུ་ལྷོ་བྱང་ཀོ་རི་ཡ་གཉིས་བར་འབྲེལ་ལམ་བསྐྱར་འཛུགས་བྱས་ནས། ཕྱོགས་གཉིས་བར་གྱི་ཡིད་ཆེས་བསྐྱར་གསོ་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག་པ་དང་། གནད་དོན་དེ་ལ་བརྟེན་ནས་ཨ་རི་དང་བྱང་ཀོ་རི་ཡ་གཉིས་བར་གྲོས་མོལ་བསྐྱར་གསོ་ཡོང་རྒྱུའི་རེ་བ་ཡང་ཡོད་འདུག 

ཟླ་༧ པའི་ཚེས་༢༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ལྷོ་ཀོ་རི་ཡའི་སྲིད་འཛིན་ལས་ཁུངས་དང་བྱང་ཀོ་རི་ཡའི་གཞུང་འབྲེལ་བརྒྱུད་ལམ་གཉིས་ཀྱིས་སྤེལ་བའི་བསྒྲགས་གཏམ་ནང་། ཚེས་༢༧ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠ པ་ནས་བཟུང་། ལྷོ་བྱང་ཀོ་རི་ཡ་གཉིས་བར་གྱི་འབྲེལ་ལམ་ཚང་མའི་ཆེད་དུ། འབྲེལ་ལམ་གྱི་བརྒྱུད་ལམ་དམིགས་བསལ་བ་སྒོ་འབྱེད་རྒྱུ་ཡིན་པ་དང་། ཐག་གཅོད་དེས་ཕྱོགས་གཉིས་བར་གྱི་ཡིད་ཆེས་དང་འགྲིགས་འཇགས་བསྐྱར་གསོ། དེ་བཞིན་འབྲེལ་ལམ་གོང་འཕེལ་འགྲོ་བར་བཟང་པོའི་ཤུགས་རྐྱེན་ཡོང་རྒྱུ་ཡིན་སྐོར་བསྒྲགས་འདུག 

ཕྱི་ལོ་༢༠༢༠ ལོར་ལྷོ་བྱང་གཉིས་དང་བྱང་ཀོ་རི་དང་ཨ་རི་བར་གྲུབ་འབྲས་ཐོན་པའི་གྲོས་མོལ་བྱུང་མེད་ཁར། ལྷོ་ཀོ་རི་ཡར་གནས་སྡོད་བྱེད་མཁན་བྱང་ཀོ་རི་ཡ་ནས་བྲོས་བྱོལ་བ་ཚོས། བྱང་ཀོ་རི་ཡའི་ས་ཐོག་ཏུ་བྱང་ཀོ་རི་ཡའི་གཞུང་ལ་ཁ་གཏད་ཀྱི་དྲིལ་བསྒྲགས་ཤོག་ལྷེ་གནམ་ཐོག་ནས་གཡུགས་པས། ལོ་དེའི་ཟླ་༦ པའི་བྱང་ཀོ་རི་ཡས་ལྷོ་བྱང་གཉིས་བར་གྱི་འབྲེལ་ལམ་ཆེད་དུ་བཙུགས་པའི་ཁང་པ་ཞིག་འབར་རྫས་ཀྱིས་གཏོར་ནས། ཕྱོགས་གཉིས་བར་གྱི་འབྲེལ་ལམ་བཅད་ཡོད་པ་རེད། 

བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ལོ་འདིའི་ཟླ་༤ པ་ནས་བཟུང་ལྷོ་ཀོ་རི་ཡའི་སྲིད་འཛིན་མཱོན་ཇི་ཨན་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གཉིས་བར་ཡི་གེ་གཏོང་རེས་བྱེད་བཞིན་ཡོད་འདུག 

དཔྱད་བརྗོད་པ་ཚོས་བརྗོད་དོན་ལྟར་ན། ཏོག་དབྱིབས་ནད་དུག་གི་ཤུགས་རྐྱེན་དང་དཔལ་འབྱོར་ཉེས་ཆད་ཀྱི་ཤུགས་རྐྱེན། དེ་བཞིན་འབྱུང་བའི་གནོད་འཚེ་བཅས་ལ་བརྟེན་ནས་བྱང་ཀོ་རི་ཡར་བཟའ་ཆས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པས། ཀེམ་ཇོང་ཨན་གྱིས་ལྷོ་ཀོ་རི་དང་འབྲེལ་ལམ་བསྐྱར་འཛུགས་ཀྱིས་དཀའ་ངལ་དེ་ལས་ཐར་ཐབས་དང་། འབྲེལ་ལམ་དེ་བརྒྱུད་ནས་རྒྱལ་སྤྱིའི་ནང་བྱང་ཀོ་རི་ཡའི་འབྲེལ་ལམ་བསྐྱར་འཛུགས་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད་སྐོར་བརྗོད་བཞིན་འདུག 

ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་བྱང་ཀོ་རི་དང་འབྲེལ་ལམ་བྱེད་ཕྱོགས་ཐད་དོན་དངོས་དང་མཐུན་པའི་སྲིད་བྱུས་འཛིན་རྒྱུའི་ཁས་ལེན་བྱས་ཡོད་ཁར། ཨ་རི་དང་བྱང་ཀོ་རི་ཡ་གཉིས་བར་གྱི་གྲོས་མོལ་འགན་ཁུར་བ་ཨ་རིའི་སྐུ་ཚབ་ཀྱིས། ཕྱོགས་གཉིས་བར་གྱི་གྲོས་མོལ་ཆེད་དུ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ས་གནས་གང་དུ་དང་དུས་ཚོད་ག་དུས་ཡིན་ནའང་ཐུག་འཕྲད་བྱེད་རྒྱུ་གྲ་སྒྲིག་ཡིན་སྐོར་བརྗོད་ཡོད་འདུག་ཀྱང་། སྐབས་དེར་བྱང་ཀོ་རི་ཡས་ཡ་ལན་ཡག་པོ་སྤྲད་མེད་པ་རེད། ཐེངས་འདིའི་འགྱུར་བ་ལ་བལྟས་ན། ཨ་རི་དང་འབྲེལ་ལམ་བསྐྱར་འཛུགས་བྱེད་སྲིད་པ་ཡིན་འདུག ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཡིན་པའི་སྐབས་སུ་ཁོང་དང་ཀེམ་ཇོང་ཨན་གཉིས་བར་ཐུག་འཕྲད་བྱས་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་བཞག་ཡོད་ཀྱང་། བྱང་ཀོ་རི་ཡའི་དཔལ་འབྱོར་ཉེས་ཆད་ཡང་དུ་འགྲོ་བ་དང་རྡུལ་མཚོན་རྩ་མེད་གཏོང་བ་སོགས་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་གང་ཡང་ཐོན་མེད་པས། ཕྱོགས་གཉིས་བར་གྱི་སྐད་གྲགས་ཆེ་བའི་ལྷན་ཚོགས་དང་ཐུག་འཕྲད་རྣམས་དྲིལ་བསྒྲགས་ལས་འགུལ་ཞིག་ཆགས་ཡོད་པར་ངོས་འཛིན་བྱེད་མཁན་མང་པོ་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།