ལྷོ་རྒྱ་ནག་རྒྱ་མཚོའི་བརྟན་ལྷིང་དཀྲུག་མཁན་རྒྱ་ནག་ཕྱོགས་རེད།
གཟའ་འཁོར་སྔོན་མའི་ནང་འབར་མ་རུ་བསྐོང་འཚོགས་བྱས་པའི་ཤར་ཨེ་ཤི་ཡའི་མཐུན་ཚོགས་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་ཚོགས་ཆེན་སྟེང་། ཨ་རི་དང་རྒྱ་ནག་གཉིས་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་ཐོག་ཁ་གཏད་ཆགས་ཏེ། ཕྱོགས་གཉིས་ཀྱིས་སོ་སོས་འགོ་ཁྲིད་དེ་འབད་བརྩོན་བྱས་པའི་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་རྙོག་ཐག་གཅོད་ལ་འགལ་རྐྱེན་འཕྲད་ཡོད་སྐོར་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ་ཨ་རིས་རྒྱུད་སྐུལ་བྱས་པའི་ཤར་ཨེ་ཤི་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱིས་རྒྱ་ནག་ཐོག་འཛིན་པའི་ལྟ་བ་འཁྲེགས་བཟུང་གི་རྣམ་འགྱུར་ལ་དམིགས་ཡུལ་གཞན་ཞིག་ཡོད་པའི་དོགས་སློང་བྱས་ཡོད་ཅིང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་དེའི་ཐད་ལན་འདེབས་བྱས་པའི་ནང་། བརྟན་ལྷིང་ལ་དཀྲུག་ཤིང་སློང་མཁན་ངོ་མ་དེ་པེ་ཅིང་ཡིན་སྐོར་བརྗོད་འདུག
ཟླ་འདིའི་ཕྱི་ཚེས་༩ ཉིན་ཤར་ཨེ་ཤི་ཡའི་མཐུན་ཚོགས་རྒྱལ་ཁབ་ཀྱི་ཚོགས་ཆེན་སྟེང་ཨ་རིའི་ཕྱི་སྲིད་དྲུང་ཆེ་རྗོན་ཁེ་རི་ཡིས། ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་རྙོག་དང་འབྲེལ་ཡོད་ཀྱི་ཕྱོགས་སོ་སོས་རང་འགུལ་སྒོས་གནས་སྟངས་ཛ་དྲག་ཏུ་འགྲོ་བྱེད་ཀྱི་བྱ་སྤྱོད་གང་འདྲ་ཞིག་ཡིན་ནའང་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། འོན་ཀྱང་། རྗོན་ཁ་རི་ཡིས་བཏོན་པའི་བསམ་ཚུལ་ལ་ཤར་ཨེ་ཤི་ཡའི་ཚོགས་ཆེན་སྟེང་བགྲོ་གླེང་བྱུང་མེད་པ་རེད།
ཟླ་འདིའི་ཕྱི་ཚེས་༡༡ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཤིན་ཧྭ་གསར་ཁང་གིས་སྤེལ་བའི་དཔྱད་བརྗོད་ནང་། ཨ་རིས་ཧྥི་ལི་པིན་དང་ཝན་ཐི་ནམ་སོགས་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་ཐོག་རྣམ་འགྱུར་འཁྲེགས་བཟུང་དགོས་པའི་རྒྱུད་སྐུལ་བྱེད་བཞིན་པ་དང་། དམིགས་ཡུལ་ནི་མི་རྣམས་དོགས་པ་སྐྱེ་གཞི་ཞིག་སྟེ། ཨ་རིའི་བྱེད་ཐབས་དེར་བརྟེན་ནས་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་ཐག་གཅོད་བྱེད་པར་དཀའ་ཁག་ཆེ་རུ་གཏོང་རྒྱུ་རེད་ཅེས་དང་། དཔྱད་བརྗོད་དེའི་ནང་། ཨ་རི་བར་འཚང་བྱས་པའི་རྗེས། ཨི་རག་དང་སི་རི་ཡ། ལི་བྷི་ཡ་སོགས་ཀྱི་འཐབ་འཁྲུག་ཛ་དྲག་ཏུ་བཏང་ཡོད་པ་ལྟར། ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་དེ་རྗེས་མའི་དམིགས་འབེན་ཞིག་ཏུ་འགྱུར་མི་རུང་ཞེས་བརྗོད་ཡོད་པ་རེད།
རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་དུ་སྤེལ་བའི་དཔྱད་བརྗོད་དེའི་སྐོར། ཨ་རིའི་ཕྱིད་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མེ་རི་ཧ་ཧྥི་(MaryHuff) ཡིས་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་ལན་འདེབས་བྱས་དོན། ང་ཚོ་ནི་བརྟན་ལྷིང་ལ་དཀྲུག་ཤིང་སློང་མཁན་གྱི་ཕྱོགས་དེ་མིན། རྒྱ་ནག་གིས་ས་ཁུལ་དེར་སྤེལ་བའི་བཙན་འཛུན་རང་བཞིན་གྱི་བྱ་སྤྱོད་ལ་བརྟེན་ནས་བརྟན་ལྷིང་མེད་པ་ཆགས་པ་ཞིག་ཡིན། ང་ཚོའི་བྱེད་ཐབས་ཀྱི་དམིགས་ཡུལ་ནི་ས་ཁུལ་དེའི་ཛ་དྲག་གི་གནས་སྟངས་ཞི་བར་བྱེད་པ་དང་། ཕྱོགས་སོ་སོའི་ཕྱི་སྲིད་ཀྱི་འབྲེལ་ལམ་བརྒྱུད་ནས་འགལ་ཟླ་ཐག་གཅོད་བྱེད་ཐུབ་པའི་ཆེད་དུ་ཡིན་པ་ལས། གནོན་ཤུགས་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་བརྟན་ལྷིང་ལ་གནོད་སྐྱོན་བཟོས་མེད། དཔེར་ན། ང་ཚོས་མཐོང་ཐུབ་པ་ལྟར་རྒྱ་ནག་གིས་འདས་པའི་ཟླ་ཤས་རིང་མུ་མཐུད་དུ་རྒྱུན་ཆད་མེད་པར་སྤེལ་བའི་བྱ་སྤྱོད་འདྲ་བོ་མ་རེད། ”
དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་རྗོན་ཁེ་རི་ཤར་ཨེ་ཤི་ཡའི་མཐུན་ཚོགས་རྒྱལ་ཁབ་ཀྱི་ཚོགས་ཆེན་སྟེང་མཉམ་ཞུགས་བྱས་པའི་སྐབས་ཀྱི་ཕྱི་ཚེས་༡༠ ཉིན་གསར་འགོད་ལྷན་ཚོགས་ཐོག་བརྗོད་དོན། ཨ་རི་དང་ཤར་ཨེ་ཤི་ཡའི་མཐུན་ཚོགས་རྒྱལ་ཁབ་ཀྱི་བར་དུ་སའི་གོ་ལ་རང་བཞིན་གྱི་མཁའ་ལམ་དང་གྲུ་ཁའི་བདེ་འཇགས་ལ་ཁག་ཐེག་བྱེད་པར་ཐུན་མོང་གི་འགན་ཁུར་ཡོད། ང་ཚོས་ངེས་པར་དུ་ཐུན་མོང་གིས་འབད་བརྩོན་བརྒྱུད་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ཛ་དྲག་གནས་སྟངས་ལ་ཚོད་འཛིན་དང་། ཞི་བའི་སྒོ་ནས་ཛ་དྲག་གི་གནས་སྟངས་དེ་དག་ལ་སྟངས་འཛིན་དགོས་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་རྨང་གཞིའི་འོག་སྟངས་འཛིན་བྱེད་དགོས།
འོན་ཀྱང་། རྗོན་ཁེ་རི་ཡི་འབོད་སྐུལ་ལ་ཤར་ཨེ་ཤིའི་ཡའི་མཐུན་ཚོགས་རྒྱལ་ཁབ་ཁག་གིས་ཉན་འཇོག་ཡག་པོ་བྱས་མེད་པ་དང་། ཤར་ཨེ་ཤི་ཡའི་མཐུན་ཚོགས་རྒྱལ་ཁབ་ཀྱི་དྲུང་ཆེ་ལི་ལོན་མན་ (Le Luong Minh) གྱིས་བརྗོད་དོན། ཤར་ཨེ་ཤི་ཡའི་མཐུན་ཚོགས་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་ཚོས་ཨ་རིའི་བཏོན་པའི་གྲོས་གཞི་ལ་བགྲོ་གླེང་བྱུང་མེད་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཚོར་ཤུགས་རྣོན་བའི་རྩོད་རྙོག་གི་བྱ་སྤྱོད་སྤེལ་བར་ཁ་གཏད་གཅོག་བྱེད་ཀྱི་མ་ལག་ཞིག་ཡོད་པ་རེད། དཔེར་ན། རྩོད་རྙོག་ཡོད་པའི་མཚོ་གླིང་ཐོག་འཛུགས་སྐྲུན་བྱས་པ་དང་། ཡང་ན་བསྐྱར་དུ་བདག་དབང་གི་ཁྱབ་བསྒྲགས་སྤེལ་བ་སོགས་རེད།
ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་དཀྲུག་ཤིང་སློང་བའི་བྱ་སྤྱོད་མཚམས་འཇོག་དགོས་སྐོར་གྱི་ཨ་རིའི་འབོད་སྐུལ་ལ། རྒྱ་ནག་གིས་ལྷག་ཏུ་འཛེམས་དོགས་མེད་པར་ཐད་ཀར་ངོ་རྒོལ་བྱས་ཡོད་པ་དང་། རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་དབྱི་ཡིས་བརྗོད་དོན། “འགན་ཁུར་ཡོད་པའི་རྒྱལ་ཁབ་ཅིག་གིས་ངོས་ནས་བཤད་ན། རྒྱ་ནག་ལ་མུ་མཐུད་དུ་དོ་དམ་རྒྱུན་འཁྱོངས་བྱེད་པའི་འདོད་པ་ཡོད། ཡིན་ནའང་། རྒྱུ་མཚན་མེད་པའི་དཀྲུག་ཤིང་སློང་བའི་བྱ་སྤྱོད་ལ་རྒྱ་ནག་ཕྱོགས་ནས་ངེས་པར་དུ་ཁ་གསལ་སྒོས། བློ་བརྟན་འགྱུར་མེད་ཀྱི་ལན་འདེབས་བྱེད་རྒྱུ་ཡིན།”
པེ་ཅིང་སྲིད་གཞུང་གིས་ཨ་རིས་བཏོན་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་དཀྲུག་ཤིང་གི་བྱ་སྤྱོད་མཚམས་འཇོག་དགོས་པའི་གྲོས་འཆར་གྱིས། རྒྱ་ནག་དང་ཤར་ཨེ་ཤི་ཡའི་མཐུན་ཚོགས་ཀྱིས་ལྷོ་རྒྱ་ནག་རྒྱ་མཚོའི་བྱ་སྤྱོད་ཚད་འཛིན་གྱི་འབད་བརྩོན་ལ་ཤུགས་རྐྱེན་ཐེབས་སྲིད་པའི་ངོས་འཛིན་བྱེད་བཞིན་པ་དང་། ཕྱི་འབྲེལ་བློན་ཆེན་ཝང་དབྱི་ཡིས་ཤར་ཨེ་མཐུན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་ཚོགས་ཆེན་ཐོག ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་རྙོག་དང་འབྲེལ་བའི་“ལམ་བུ་གཉིས་གཤིབ་ཀྱི་བསམ་འཆར་”ཞེས་པའི་ཐག་གཅོད་ཀྱི་ལམ་བུ་ཞིག་གསར་ཏུ་བཏོན་ཏེ། ཕྱོགས་གཅིག་གི་ངོས་ནས་ངེས་པར་དུ་ཐད་ཀར་འབྲེལ་ཡོད་རྒྱལ་ཁབ་དང་མཉམ་དུ་གྲོས་མཐུན་བརྒྱུད་ནས་རྩོད་རྙོག་ཐག་གཅོད་བྱེད་དགོས། ཕྱོགས་གཞན་གྱིས་རྒྱ་ནག་དང་ཤར་ཨེ་མཐུན་ཚོགས་རྒྱལ་ཁབ་ཁག་དང་མཉམ་དུ་ཐུན་མོང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་དགོས་སྐོར་བརྗོད་ཡོད།
རྗོན་ཁེ་རི་དང་མཉམ་དུ་ཕྱོགས་བསྐྱོད་བྱས་པའི་ཨ་རིའི་དཔོན་རིགས་ཤིག་གིས་བརྗོད་པ་ལྟར་ན། དོན་དངོས་སུ་ཤར་ཨེ་མཐུན་ཚོགས་ཀྱི་ཐུན་མོང་གསལ་བསྒྲགས་ནང་། འབྲེལ་ཡོད་ཀྱི་ཕྱོགས་སོ་སོའི་རང་ཉིད་ཚོད་འཛིན་ལ་སྐུལ་འདེད་དང་། གནས་སྟངས་རྙོག་འཛིང་བཟོ་བྱེད་རྣམས་ལ་གཡོལ་ཐབས། ལྷོ་རྒྱ་ནག་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་དང་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་མཚམས་འཇོག་”སོགས་འཁོད་པའི་ཡི་གེ་ཡིན་པ་དང་། རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་ཡོད། དེས་རྒྱ་ནག་ལ་གནོན་ཤུགས་འདང་ངེས་ཤིག་སྤྲད་པ་མ་ཟད། རྒྱ་ནག་གིས་དུས་ཚོད་སྤྱད་དེ་བརྗོད་གཞི་བསྒྱུར་ཐབས་ཀྱི་འབད་བརྩོན་ལ་ཕམ་ཉེས་ཆེན་པོ་བྱུང་པ་ཞིག་རེད།”
ཨ་རིའི་དཔོན་རིགས་དེས་བརྗོད་དོན། ཤར་ཨེ་མཐུན་ཚོགས་ཀྱི་དཔོན་རིགས་ཚོ་དང་མཉམ་དུ་ཚོགས་འདུའི་བར་གསེང་སྐབས་ཀྱི་གླེང་མོལ་ལས་མངོན་པ་ལྟར་ན། ཤར་ཨེ་མཐུན་ཚོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་མཚོ་ཐོག་བྱ་སྤྱོད་ལ་སེམས་འཚབ་སྔར་བྱུང་མྱོང་མེད་པའི་ཚད་ལ་སླེབས་འདུག ཡིན་ནའང་ཁོང་ཚོས་ཡོངས་གྲགས་ཀྱི་གཏམ་བཤད་ནང་རྒྱ་ནག་ལ་ཕོག་ཐུག་མི་འགྲོ་བའི་ཆེད་གཟབ་ནན་བྱས་པ་རེད།།”
