ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་དབུ་འབྱེད་ཀྱི་མཛད་སྒོ།
དུས་ཡུན་ཉིན་གསུམ་རིང་འཚོག་རྒྱུ་ཡིན་པའི་ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་དབུ་འབྱེད་ཀྱི་མཛད་སྒོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་ཁང་གསར་པའི་ནང་དུ་འཚོགས་སོང་།

སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མཇལ་དར་ཕུལ་རྗེས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་རྗེས་དྲན་ཆེད་ཚོགས་བཅར་ཡོངས་ཀྱིས་སྐར་མ་གཅིག་རིང་ངག་བཅད་གུས་འདུད་ཞུས་སོང་། དེ་རྗེས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་པ་དང་སྦྲགས་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ནས་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པའི་གྲོས་ཆོད་ལག་བསྟར་ཇི་ཞུས་སྙན་སྒྲོན་ཞུས་ཡོད་པ་དང་། དཔལ་ལྡན་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་གྱིས་ཚོགས་འདུའི་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་བོད་མི་མང་སྤྱི་འཐུས་ཚོགས་གཙོའི་སྐུ་ཚབ་ཀྱིས་གསུང་བཤད་གནང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་ཆེན་དབུ་འབྱེད་དང་བཀའ་ཤག་གི་ལམ་སྟོན་གསུང་བཤད་གནང་རྗེས་ཤེས་རིག་དྲུང་འཕར་འཇིགས་མེད་རྣམ་རྒྱལ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་ཀྱི་མཛད་སྒོ་སྔ་དྲོའི་ཆུ་ཚོད་༡༡ ཡོལ་ཙམ་ལ་གྲུབ་ཡོད་པ་དང་། གསོལ་ཇའི་བར་གསེང་དུས་ཡུན་ཐུང་ངུ་ཞིག་བཞག་རྗེས་མུ་མཐུད་ཚོགས་ཆེན་དངོས་དབུ་འཛུགས་གནང་ཡོད་པ་རེད།

གྲོས་གཞི་དང་པོ། གཏན་ཉིན་སློབ་གྲྭ་ཁག་ནང་ལོ་རེ་བཞིན་བོད་རིགས་སློབ་ཕྲུག་གི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་པའི་གནས་བབས་དང་བསྟུན་མ་འོངས་པའི་སློབ་གྲྭའི་གྲངས་ཚད་དང་། ཤེས་ཡོན་གྱི་གནས་ཚད་སོགས་ཀྱི་ཐད་འཛིན་སྐྱོང་གི་ལས་དོན་ཚགས་ཚུད་གཏོང་ཐབས་གང་ཡག་དང་། གྲོས་གཞི་གཉིས་པ། བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ནས་ལོ་༡༣ ལྷག་འགྲོ་བཞིན་པར་བརྟེན། ད་དུང་མུ་མཐུད་ཚགས་ཚུད་གཏོང་ཐབས་དང་། བོད་ཨིན་གཉིས་ཀྱི་སྐད་ཡིག་སློབ་ཁྲིད་ཡར་རྒྱས་གཏོང་ཐབས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས། གྲོས་གཞི་གསུམ་པ། གཏན་ཉིན་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་གནས་ཚད་ཡར་རྒྱས་ཡོང་མིན་གཙོ་བོ་ཞིག་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམས་ལ་རག་ལས་ཡོད་སྟབས། སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ་རྣམ་པའི་ཆེད་ལས་དང་ནུས་པ་སོགས་གོང་མཐོར་གཏོང་ཕྱོགས་དང་། དགེ་རྒན་རྣམ་པའི་ཆེད་ལས་ཡར་རྒྱས་གཏོང་ཕྱོགས་དང་དགེ་རྒན་ཕ་མའི་ཚོགས་ཆུང་ནས་སློབ་ཕྲུག་གི་ཤེས་ཡོན་ཐོག་ནུས་པ་མཉམ་སྤུངས་ཡོང་སླད་སློབ་གྲྭའི་འགན་འཛིན་གྱི་འགན་འཁུར་གནང་ཕྱོགས། གྲོས་གཞི་བཞི་པ། རང་རེའི་སྤྱི་ཚོགས་ནང་ལས་རིགས་སློབ་སྦྱོང་ལ་དམིགས་བསལ་ཤུགས་སྣོན་སྐྱོན་དགོས་པའི་གནད་དོན་གལ་ཆེ་ཡིན་པ་འདས་པའི་ཞིབ་འཇུག་གི་སྙན་ཐོའི་ནང་གསལ་བ་ལྟར། ལས་རིགས་སློབ་སྦྱོང་ཐད་སྤྱི་ཚོགས་ཀྱི་ལྟ་སྟངས་བསྒྱུར་བཅོས་གནང་ཕྱོགས་དང་དོ་དབྱིངས་སྐྲུན་ཐབས་བཅས་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད། དེ་བཞིན་ཚེས་༢༧ ཉིན་ཤེས་རིག་ཁྱབ་ཁོངས་ཡོངས་ཀྱིས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དང་སྐུ་ཚེ་ཡུན་དུ་བརྟན་པའི་བརྟན་བཞུགས་ཤིག་འདེགས་འབུལ་ཞུ་རྒྱུ་ཡིན་པ་དང་དེའི་སྔོན་དུ་ཕ་མའི་ཚོགས་ཆེན་ཞིག་ཀྱང་འཚོག་རྒྱུ་ཡིན་འདུག །
གསར་འགོད་པ་བསྟན་འཛིན་ལམ་བཟང་།