ས་མཐའི་མི་དང་གད་ཁའི་ཤིང་།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༡༨  ཕྱི་ལོ་ ༢༠༡༦/༡༠ /༢༦

རྒྱ་དམར་གཞུང་གིས་དྲག་གནོན་ལ་བརྟེན་ནས་ཕྱི་ལོ་༡༩༥༩ ནས་བཟུང་བོད་པ་རྣམས་བཙན་བྱོལ་དུ་གྱར་དགོས་བྱུང་བ་དང་། རྒྱ་བལ་འབྲུག་གསུམ་གྱིས་གཙོས་འཛམ་གླིང་གི་ཤར་ནུབ་ཡུལ་གྲུ་དུ་མ་ཞིག་ཏུ་གནས་བཅས་ནས་བསྡད་ཡོད། དེའི་ནང་ནས་བོད་པ་མང་ཤོས་གནས་སྡོད་བྱེད་ཡུལ་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་རྟེན་གནས་གཙོ་བོ་ཡང་རྒྱ་གར་དུ་ཡོད་ལ། སློབ་གྲྭ་དང་དགོན་སྡེ་ཁག་སོགས་ཆོས་དང་རིག་གནས་ཀྱི་ལྟེ་གནས་ཕལ་མོ་ཆེ་ཡང་རྒྱ་གར་དུ་གསར་འཛུགས་བྱས་ཡོད། རྒྱ་གར་ནི་བོད་པ་སྐྱབས་བཅོལ་བའི་སྡོད་གནས་གཙོ་བོ་དང་། ཕ་ཡུལ་གཉིས་པ་ཞིག་ཏུ་གྱུར་ཡོད་པའི་ཐོག་ཆོས་དང་རིག་གཞུང་གང་ཐད་ནས་རྒྱ་གར་ནི་བོད་པའི་མེས་པོ་ལྟ་བུ་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་ཆོག དེར་བརྟེན་ཧིན་བོད་གཉིས་ཀྱི་མཛའ་འབྲེལ་ནི་“སྲིད་པ་ཆགས་པའི་གངས་རྒན་ཡིན་པ་ལས། མདང་གསུམ་ཆགས་པའི་བ་མོ་ཞིག་གཏན་ནས་མིན།” དེར་བརྟེན་གནས་སྐབས་ཀྱི་དོན་དག་ཆུང་ཙག་ཙམ་གྱིས་ཧིན་བོད་བར་གྱི་མཛའ་འབྲེལ་ལ་གནོན་སྐྱོན་འགྲོ་མི་སྲིད།

འོན་ཀྱང་ཉེ་ཆར་བཙན་བྱོལ་བོད་པའི་དགུན་ཚོང་གི་ས་གནས་ཤིག་ཏུ་རྒྱ་གར་གྱི་ཡུལ་མི་ཁག་ཅིག་གིས་ཁྲོམ་ས་གཏོར་རྒོལ་བྱས་པ་མ་ཟད། བོད་མི་ལ་ཡང་ཉེས་རྡུང་བཏང་བའི་གནས་ཚུལ་ཞིག་བྱུང་ཡོད། ཕྱོགས་གཅིག་ནས་བོད་པ་རྣམས་སྐྱབས་བཅོལ་བ་ཡིན་པ་དང་། ས་གནས་སོ་སོར་དགུན་ཚོང་གི་དུས་སུ་ཁྲོམ་སྟོན་ཆོག་པའི་ཆོག་མཆན་ཡང་ཞུས་ཐོབ་བྱུང་ཡོད་པར་བརྟེན། དེ་ལྟ་བུའི་གནས་ཚུལ་ཐོན་པ་ནི་བློ་ཕམ་གྱི་གནས་ཚུལ་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་ས་གནས་དེའི་ཚོང་པ་རྣམས་ཀྱི་ཚོང་ལ་གནོན་སྐྱོན་ཕོག་གི་ཡོད་ན། དགུན་ཚོང་པ་དེ་དག་བོད་པ་མིན་པར་རྒྱ་གར་བ་འབའ་ཞིག་ཡིན་ནའང་དེ་ལྟ་བུའི་གནས་ཚུལ་སྐབས་སོ་སོར་ཡོང་གི་ཡོད་པ་རེད། དེར་བརྟེན་ཕྱོགས་གཉིས་ནས་འཚོ་ཐབས་དང་ཚོང་གི་ཁེ་ཕན་ཆེད་གནས་ཚུལ་དེ་ལྟ་བུ་བྱུང་བ་ཞིག་ཏུ་གྱུར་ཡོད། འོན་ཀྱང་བོད་པ་རྣམས་སྐྱབས་བཅོལ་བ་ཡིན་པས་རྒྱལ་ཁབ་མེད་པ་དང་། མིའི་ལུང་པར་སྐྱབས་བཅོལ་དུ་གནས་ཡོད་པའི་དབང་གིས་དབང་ཡོད་དང་ཐུབ་ཚོད་བཏང་བའི་ཚོར་སྣང་དེ་བཅོས་མིན་དུ་སྐྱེ་ངེས་རེད།

བོད་པ་རྣམས་སྐྱབས་བཅོལ་དུ་གྱར་དགོས་བྱུང་བ་དང་། མིའི་ལུང་པར་ཐུབ་ཚོད་དང་དབང་ཡོད་བཟེད་དགོས་བྱུང་བའི་ཚོར་སྣང་ཡོད་མཁན་དག་གི་ངོས་ནས་བསམ་བློ་ཞིབ་ཚགས་པོ་ཞིག་བཏང་ན། འདི་ལྟ་བུའི་དཀའ་ངལ་ཞིག་མྱོང་དགོས་བྱུང་བའི་རྒྱུ་མཚན་ས་གནས་རྒྱ་གར་གྱི་ཡུལ་མི་དེ་དག་མ་ཡིན་པར། རྒྱ་དམར་དྲག་པོའི་གཞུང་གིས་བཙན་གནོན་དང་དབང་ཡོད་འབའ་ཞིག་ལ་བརྟེན་ནས་བོད་པའི་རང་དབང་རང་བཙན་ཡོངས་སུ་བཙན་འཕྲོགས་བྱས་ནས། བོད་མི་མང་པོ་ཞིག་མི་ཡུལ་ལུང་པ་རུ་གྱར་དགོས་བྱུང་ཡོད་པས། བོད་པ་ལ་ཐུབ་ཚོད་གཏོང་མཁན་དང་རྒྱུ་དག་མེད་མཁན་ཞིག་ངོས་འཛིན་བྱེད་དགོས་ན་ཐོག་མ་རྒྱ་དམར་དྲག་པོའི་གཞུང་དེ་བོད་པའི་དགྲ་ཡི་གཙོ་བོ་རུ་ངོས་འཛིན་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། བོད་པ་མིའི་ལུང་པ་རུ་སྐྱབས་བཅོལ་དུ་བསྡད་ནས་མི་ལོ་༦༠ ལ་ཉེ་བ་དང་། ས་གནས་དེ་རུ་སྡོད་པའི་དུས་ཡུན་རིང་དྲགས་པའི་རྐྱེན་གྱིས་སྐབས་རེ་རང་ཉིད་སྐྱབས་བཅོལ་བ་ཡིན་པའི་ཚོར་སྣང་དེ་ཡང་བརླག་གྲབས་བྱེད་ཀྱི་ཡོད་པ་ལྟ་བུར་གྱུར་ཡོད།

གནས་ཚུལ་འདི་ལྟ་བུ་བྱུང་སྐབས་རང་ཉིད་ལ་རྒྱལ་ཁབ་མེད་པའི་དྲན་སྐུལ་ཞིག་ཏུ་གྱུར་ཡོོད་པ་ནི་སྨྲོས་མི་དགོས་པ་རེད་ལ། དེ་བས་ཀྱང་བསམ་བློ་གཏོང་དགོས་པ་ཞིག་ལ་བཙན་བྱོལ་བོད་མི་མང་པོ་ཞིག་གི་འཚོ་རྟེན་གཙོ་བོ་དགུན་ཚོང་ཡིན་ལ། དགུན་ཚོང་ལའང་ལོ་རེ་ནས་ལོ་རེ་བཞིན་དཀའ་ངལ་མང་དུ་འགྲོ་བཞིན་ཡོད། རྒྱ་གར་གྱི་ས་གནས་མང་པོ་ཞིག་ཏུ་ཁྲོམ་ས་མི་རག་པའི་དཀའ་ངལ་ཡོད་ཅིང་། ས་གནས་མང་པོ་ཞིག་གིས་རྒྱ་གར་ཡུལ་མི་ཚོས་ཀྱང་བོད་པའི་ཚོང་རྫས་དང་གཅིག་མཚུངས་ཡིན་པའི་དགུན་ཚོང་རྒྱག་གི་ཡོད། དེ་བཞིན་གཙོ་ཆེ་ཤོས་ས་གནས་སོ་སོར་གནམ་གཤིས་དྲོ་གྲང་ལ་བརྟེན་ནས་དགུན་ཚོང་ལམ་འགྲོ་ཡོད་མེད་སྣ་ཚོགས་ཤིག་ཡོང་གི་ཡོད་པ་སོགས། ཉེ་ལམ་བྱུང་བའི་གནས་ཚུལ་དེ་དང་ཕྱོགས་འདྲ་བའི་གནས་ཚུལ་ཡང་སྐབས་སོ་སོར་ཡོང་གི་ཡོད་པ་བཅས་ལ་བརྟེན། མ་འོངས་པར་འཚོ་ཐབས་འདིའི་ཐོག་ལ་ཕྱོགས་ཡོངས་ནས་ཉེན་ཁ་ཆེན་པོ་ཞིག་འཕྲད་མི་སྲིད་པའང་གཏན་ནས་མིན་པས་འབྲེལ་ཡོད་དགུན་ཚོང་རྒྱག་མཁན་དང་། བོད་མིའི་སྒྲིག་འཛུགས་བཅས་ཀྱིས་བསམ་བློ་གསར་པ་ཞིག་གཏོང་རན་ཡོད།

བཙན་བྱོལ་བོད་པས་དགུན་ཚོང་ཆེད་དཀའ་ངལ་མང་པོ་ལ་གདོང་ལེན་བྱེད་དགོས་པ་དང་། འཚོ་ཐབས་དེ་བོད་གཞུང་སོགས་ཀྱིས་ལམ་སྟོན་དང་སྐུལ་སློང་བྱས་པ་ཞིག་མིན་ལ། བོད་པ་མི་རེ་ངོ་རེ་བཞིན་དང་དུ་བླངས་ནས་འབད་བརྩོན་བྱེད་བཞིན་ཡོད་པ་རེད། གོང་དུ་བརྗོད་པ་བཞིན་ཁོར་ཡུག་དང་གནས་སྟངས་གང་ཐད་ནས་མ་འོངས་པར་དཀའ་ངལ་ཆེ་རུ་འགྲོ་ངེས་ཡིན་པ་དང་། བོད་པ་སྐྱབས་བཅོལ་བ་ཡིན་པའི་གནས་བབས་ཁོ་ན་ལ་བརྟེན་ནས་ཐུབ་ཚོད་དང་དབང་ཡོད་བཤད་པ་ཁོ་ན་ང་ཚོའི་དགུན་ཚོང་གི་འགལ་རྐྱེན་ཡིན་ན་རྒྱ་གར་ས་གནས་ཀྱི་རྫོང་ཁག་དང་། མངའ་སྡེ་སོ་སོ། དབུས་གཞུང་བཅས་སུ་འབོད་སྐུལ་སྐྱབས་འཇུག་ཞུས་ན་ཐག་གཅོད་ཐུབ་པའི་རེ་བ་ཡོད་པ་དང་། དྲང་བདེན་མ་ཡིན་པར་ཐུབ་ཚོད་བཏང་བ་དག་ལ་ཁྲིམས་ཐོག་ནས་གདོང་ལེན་དགོས་པ་དེ་ཡང་གལ་ཆེན་པོར་གྱུར་ཡོད། མདོར་ན་བོད་པ་སྐྱབས་བཅོལ་བ་ཡིན་པས་“ས་མཐའི་མི་དང་། གད་ཁའི་ཤིང་”ཟེར་བ་བཞིན་ཕྱོགས་གང་ཐད་ནས་བརྟན་པོ་ཞིག་གཏན་ནས་མིན་པས་ཚང་མས་བོད་དོན་བདེན་མཐའ་གསལ་རྒྱུ་དེ་གལ་ཆེ་ཤོས་ཡིན་པའི་ངེས་ཤེས་རྙེད་དགོས།།