ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེས་རྒྱ་གར་ལྷོ་ཕྱོགས་སུ་མཛད་འཕྲིན་སྐྱོང་བཞིན་པ།

སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་སེར་སྐྱ་ཡོངས་ལ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ནས་བརྒྱུད་པའི་ཚེ་དབང་ལོ་བརྒྱ་མའི་བཀའ་དབང་ཟབ་མོའི་བཀའ་དྲིན་བསྐྱངས་པ་སོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་ཡོད་འདུག

པར། པད་ནོར་རིན་པོ་ཆེ་དགེ་རྩ་ཚོགས་པའི་ངོ་དེབ།

ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༡༢ ཉིན། པད་ནོར་རིན་པོ་ཆེ་དགེ་རྩ་ཚོགས་པའི་ངོ་དེབ་སྟེང་གནས་ཚུལ་སྤེལ་གསལ་ལྟར་ན། ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་རྣམ་གྲོལ་གླིང་གི་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཆེད་ཕེབས་ཀྱིས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ནས་བརྒྱུད་པའི་ས་སྐྱ་ནད་གྲོལ་མའི་ལྗགས་ལུང་དང་། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་ལ་རབ་གནས། བཙུན་མ་ཡོངས་ནས་གཞུང་ཆེན་ཁག་ལ་ཐོས་བསམ་སྔར་ལས་ལྷག་པ་བྱ་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་ཕེབས་པ་དང་སྦྲགས། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་དབུ་འཛིན་༸སྐྱབས་རྗེ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་མཆོག་གིས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་ཡོད་འདུག
ཁ་སང་ཕྱི་དྲོའི་ཆར་གྲོང་སྡེ་བཞི་པའི་མི་མང་ཡོངས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༸གོང་མ་ཁྲི་ཆེན་མཆོག་གིས་རྡོ་རྗེ་ཕུར་བའི་བཀའ་བསྒོ་དང་། སངས་རྒྱས་འོད་དཔག་མེད་ཀྱི་འཕོ་བའི་བཀའ་དྲིན་བསྐྱངས་ཡོད་འདུག
ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་དབུ་འཛིན་མཆོག་སྤྲུལ་རྣམ་གཉིས་ཀྱིས་དབུས་འདུས་སྤྱི་ཡོངས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༧ ཉིན། ྋགོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་མོ་མཆོག་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཕེབས་སྐབས། རྣམ་གླིང་དབུ་འཛིན་ྋསྐྱབས་རྗེ་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། རྣམ་གླིང་དབུ་འཛིན་ྋསྐྱབས་རྗེ་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ། ཕྱོགས་བཞུགས་སྤྱི་འཐུས་རྣམ་པ། ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་རྣམ་གཉིས། དགོན་སྡེ་ཁག་གི་སྐུ་ཚབ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ཚོགས་གཙོ་དང་འགན་འཛིན། རང་དགོན་གྱི་རྒྱུན་ལས་དང་ལས་བྱེད་མཁན་སྤྲུལ་བླ་སློབ་དགེ་འདུན་བཙུན་མ་ཡོངས་ནས་དགའ་དད་སྤྲོ་གསུམ་གྱིས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་འདུག
ཕྱི་ཚེས་༨ ཉིན་༸གོང་མ་ཁྲི་ཆེན་མཆོག་གིས་རྣམ་གྲོལ་གླིང་གི་དབུ་འཛིན་༧སྐྱབས་རྗེ་མཆོག་སྤྲུལ་རྣམ་གཉིས་དབུས་པའི་འདུས་ཚོགས་ཡོངས་ལ་འཁོན་ལུགས་རྡོ་རྗེ་ཕུར་པའི་གཏོར་དབང་ཟབ་མོ་བཀའ་དྲིན་བསྩལ་ཞིང་། ཕྱི་ཚེས་༩ ཉིན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་འདུས་སྤྱི་གཙོས་པའི་དད་ལྡན་མི་མང་ཡོངས་ལ་གྲུབ་ཆེན་ཛེ་ཏ་རི་ནས་བརྒྱུད་པའི་འཇམ་དབྱངས་དམར་སེར་གྱི་རྗེས་གནང་དང་། རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ་དང་གང་བློ་མ་བཅས་ཀྱི་ལྗགས་ལུང་བསྩལ་ཡོད་འདུག
ཕྱི་ཚེས་༡༠ ཉིན་༸གོང་མ་ཁྲི་ཆེན་མཆོག་གིས་༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་གི་སྐུ་གདུང་མཆོད་རྟེན་གཙོས་པའི་བཤད་གྲྭ་དང་། སློབ་གྲྭ་བཅས་ལ་ཆེད་ཕེབས་གནང་སྟེ་ཁྲུས་དང་རབ་གནས་བཀའ་སློབ་ལམ་སྟོན་གནང་བ་དང་། ཕྱི་ཚེས་༡༡ སྟེ་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་གྱི་ཉིན། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་༧གོང་མ་ཁྲི་ཆེན་རྡོ་རྗེ་མཆོག་གིས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ནས་བརྒྱུད་པའི་ཚེ་དབང་ལོ་བརྒྱ་མའི་བཀའ་དབང་བཀའ་དྲིན་བསྩལ།
གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་བླ་སྤྱི་ནས་ཆོས་བརྡ་གསལ་བསྒྲགས་སྤེལ་གསལ་ལྟར་ན། སེ་ར་ཐེག་ཆེན་གླིང་བླ་སྤྱི་དང་སྦེལ་ཀོབ་སེར་སྐྱ་ཡོངས་ནས་མཁོན་རིགས་བསྟན་པའི་མངའ་བདག་༧སྐྱབས་མགོན་༧གོང་མ་ས་སྐྱ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་བ་བཏབ་ནས་བཀའ་བཞེས་ཕེབས་དོན་ལྟར། ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༡༦ ཉིན་འཇམ་དབྱངས་དཀར་པོའི་རྗེས་གནང་དང་། བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུ་ཡིན་འདུག
ཕྱི་ཚེས་༡༤ ཉིན། ༧གོང་མ་ཁྲི་ཆེན་མཆོག་ས་སྐྱ་བརྩེ་ཆེན་ཆོས་འཁོར་གླིང་དུ་ཕེབས་རྒྱུ་དང་། ཕྱི་ཚེས་༡༨ ཉིན། སྦེལ་ཀོབ་ནས་ཕེབས་ཐོན་གནང་སྟེ་བྷེང་ལོར་བརྒྱུད་ལྡི་ལིར་ཕེབས་རྒྱུ་ཡིན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།