སའུ་སིའི་གྲོས་ཚོགས་འཐུས་མི་ ༡༥ ཡིས་༧པཎ་ཆེན་རིན་པོ་ཆེ་འཕྲལ་དུ་གློད་གྲོལ་གཏོང་བའི་དགོས་འདུན་བཏོན། 

རྒྱ་ནག་གཞུང་གིས་དགུང་ལོ་ ༦ ལས་མ་ཕེབས་པའི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་འཛིན་བཟུང་བཀག་ཉར་གྱིས་གར་སོང་ཆ་མེད་དུ་གྱུར་བ་ནས་བཟུང་ལོ་ངོ་ཧྲིལ་པོ་ ༢༥ འཁོར་བའི་དུས་དང་བསྟུན་ནས། སུའུ་སིའི་གྲོས་ཚོགས་འཐུས་མི་ ༡༥ ཡིས་རྒྱ་ནག་གཞུང་ལ་ཁོང་དང་ཁོང་གི་ཡབ་ཡུམ་རྣམས་འཕྲལ་དུ་གློད་གྲོལ་གཏོང་བའི་དགོས་འདུན་གྱི་ཞུ་ཡིག་ཅིག་བསྐུར་འདུག 

ཕྱི་ཟླ་ ༥ ཚེས་ ༡༣ ཉིན་སུའུ་སིའིི་གྲོས་ཚོགས་འཐུས་མི་ ༡༥ ཡིས་མཚན་རྟགས་བཀོད་དེ་བསྐུར་བའི་ཞུ་ཡིག་དེའི་ནང་། རྒྱ་ནག་གཞུང་གིས་མུ་མཐུད་༧པན་ཆེན་ཆུང་སྲིད་རིན་པོ་ཆེའི་སྐོར་གྱི་གནས་ཚུལ་སྦས་གསང་དང་། བོད་ནང་ལོགས་ཀྱི་གནས་སྟངས་ལ་རང་དབང་ལྡན་པའི་ཞིབ་འཇུག་བྱེད་དུ་འཇུག་གི་མེད་པར་སེམས་འཚབ་ཡོད་ཚུལ་འཁོད་པའི་ཐོག རྒྱ་ནག་གཞུང་ལ་བོད་དུ་“རིག་གཞུང་དང་ཆོས་དད་རང་དབང་ལ་གུས་བརྩི་”བྱེད་དགོས་པ་དང་། “བོད་ཀྱི་གནད་དོན་ཞི་བའི་ངང་སེལ་ཆེད་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་སླར་ཡང་གྲོས་མོལ་གྱི་འགོ་འཛུགས་དགོས་”པའི་དགོས་འདུན་བཏོན་འདུག 

སུའུ་སིའི་གྲོས་ཚོགས་འཐུས་མི་ ༡༥ ཡི་ཐུན་མོང་གི་ཞུ་ཡིག་དེས་ད་དུང་“ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་ནས་བཟུང་འདས་པའི་མི་ལོ་ ༢༥ རིང་༧པཎ་ཆེན་རིན་པོ་དང་། ཁོང་གི་ཁྱིམ་ཚང་ཧྲིལ་བོ་གང་དུ་ཡོད་མེད་དང་། སྐུ་གཟུགས་གསལ་ཐང་ཡིན་མིན་སོགས་ཀྱི་གནས་ཚུལ་ཡིད་རྟོན་རུང་བ་གང་ཡང་མེད་པ་”དེའི་སྐོར་ནན་བརྗོད་བྱས་ཏེ། ༧པཎ་ཆེན་རིན་པོ་ཆེ་འཕྲལ་དུ་གློད་གྲོལ་དགོས་པའི་རྒྱལ་སྤྱིའི་ལས་འགུལ་ཆེན་མོའི་ནང་མཉམ་ཞུགས་བྱས་ཡོད་འདུག 

གཞན་ཡང་། ཉེ་ཆར་རྒྱལ་ཁབ་ཁག་བཅོ་བརྒྱད་ནང་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མི་འདྲ་བ་ ༡༥༩ ཡིས་མཉམ་འབྲེལ་རྒྱལ་ཁབ་ལ་ཐུན་མོང་གི་ཞུ་ཡིག་ཅིག་ཕུལ་ནས་རྒྱ་ནག་ལ་༧པཎ་ཆེན་རིན་པོ་ཆེ་འཕྲལ་དུ་གློད་གྲོལ་གཏོང་བའི་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་ཞུས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ནས་ཀྱང་ཟླ་འདིའི་ཚེས་ ༡༧ ཉིན་ཏེ། ༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་སྐུ་འཁོར་དང་བཅས་པ་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ཧྲིལ་པོ་ ༢༥ ཏག་ཏག་འཁོར་བའི་ཉིན་དང་བསྟུན་ནས་ཁོང་མྱུར་དུ་གློད་གྲོལ་ཡོང་བའི་དགོས་འདུན་དང་། སྨོན་ལམ་མཚོན་ཆེད་རྒྱལ་སྤྱིའི་རང་བཞིན་ཅན་གྱི་སྒྲོན་མེ་མཆོད་འབུལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་གོ་སྒྲིག་ཞུས་པའི་ནང་། ས་ཕྱོགས་གང་སར་ཡོད་པའི་བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོ་ལ་སོ་སོའི་རང་ཁྱིམ་ནས་སྒྲོན་མེ་སྦར་ཏེ་མཉམ་ཞུགས་དགོས་པའི་སྐུལ་མ་བཏང་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།