སི་རི་ཡ་ནས་ཨ་རིའི་དམག་མི་ཆ་ཚང་ཕྱིར་འཐེན་བྱེད་རྒྱུ་ཡིན་འདུག
ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་སི་རི་ཡའི་ནང་གི་ཨེ་སི་སི་ཁ་ཆེ་འཇིགས་སྐུལ་ཚོགས་པ་ཕམ་ཉེས་སོང་ཟིན་པས། དེ་གར་ཡོད་པའི་ཨ་རིའི་དམག་མི་རྣམས་ཕྱིར་འཐེན་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག་ཀྱང་། ཨ་རིའི་འཛིན་སྐྱོང་གི་མཐོ་རིམ་དཔོན་རིགས་མང་པོ་ཞིག་གིས་སྲིད་འཛིན་ཊོམ་གྱི་ཐག་གཅོད་ལ་མོས་མཐུན་མེད་འདུག ཐག་གཅོད་དེས་འཇིགས་སྐུལ་ཚོགས་པ་དེ་བསྐྱར་ལངས་བྱེད་རྒྱུའི་གོ་སྐབས་བསྐྲུན་སྲིད་པ་དང་། དེ་བཞིན་ཁུལ་དེར་ཨ་རིའི་ཤུགས་རྐྱེན་བརླག་རྒྱུ་ཡིན་པའི་སེམས་འཚབ་བྱེད་བཞིན་ཡོད་འདུག
ཟླ་༡༢ པའི་ཚེས་༢༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། སི་རི་ཡའི་བྱང་ཕྱོགས་ཁུལ་དུ་ཨ་རིའི་དམག་མི་༢༠༠༠ ལྷག་སྒྲིག་འཇོག་བྱས་ཡོད་པ་རྣམས། ཨ་རིར་ཕྱིར་ལོག་རྒྱུ་ཡིན་པའི་གསལ་བསྒྲགས་བརྙན་ཐུང་ཞིག་སྲིད་འཛིན་ཊོམ་གྱིས་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཊིའུ་ཊེར་ཐོག་ཏུ་སྤེལ་འདུག་པས། གནད་དོན་དེས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་དང་། དེ་བཞིན་གཞུང་གི་མཐོ་རིམ་དཔོན་རིགས་མང་པོ་ཞིག་ཧོན་འཐོར་ནས། མོས་མཐུན་མེད་པའི་རྣམ་འགྱུར་སྟོན་བཞིན་འདུག
དེ་ཡང་སྲིད་འཛིན་ཊོམ་གྱིས་སི་རི་ཡའི་ནང་གི་ཨེ་སི་སི་ཁ་ཆེ་འཇིགས་སྐུལ་ཚོགས་པ་ཕམ་ཉེས་བཏང་ཟིན་པའི་ཨུ་ཚུགས་ཀྱིས། དེ་གར་སྒྲིག་འཇོག་བྱས་པའི་ཨ་རིའི་དམག་མི་རྣམས་ཕྱིར་འཐེན་བྱས་ཏེ། རང་ཡུལ་དུ་ལོག་པའི་དུས་ལ་སླེབས་ཡོད་པ་དང་། རྒྱུན་དུ་དམག་ཐོག་ཚེ་སྲོག་ཤོར་མཁན་གྱི་དམག་མིའི་འབྲེལ་ཡོད་ནང་མི་ལ་ཁོང་གིས་ཐུག་གསོའི་ཆེད་དུ་འཕྲིན་ཡིག་དང་ཁ་པར་གཏོང་སྐབས། སེམས་སྐྱོ་པོ་ཞེ་དྲག་འབྱུང་གི་ཡོད་སྐོར་བརྗོད་འདུག
དེ་ཡང་དེ་སྔོན་སྲིད་འཛིན་ཊོམ་གྱིས་སི་རི་ཡ་ནས་ཨ་རིའི་དམག་མི་ཆ་ཚང་ངེས་པར་ཕྱིར་འཐེན་བྱེད་དགོས་སྐོར་བརྗོད་སྐབས། སྐབས་དེར་ཁོང་དང་མཉམ་དུ་ཡོད་མཁན་ཨ་རིའི་དམག་གི་དཔོན་རིགས་དང་བདེ་སྲུང་སློབ་སྟོན་པ་སོགས་ཀྱིས། ལས་དོན་དེ་བྲེལ་ཚུབ་ཆེ་དྲག་པ་དང་འཐབ་བྱུས་དང་ལྡན་པ་མིན་སྐོར་བརྗོད་སྐབས། ཊོམ་གྱིས་ཁོང་ཚོར་ཟླ་བ་དྲུག་གི་དུས་ཚོད་སྤྲད་ནས་ལས་དོན་དེ་ངེས་པར་དུ་སྒྲུབ་དགོས་པའི་བཀའ་བཏང་ཡོད་འདུག བཀའ་དེ་བཏང་ནས་ཟླ་བ་༨ ཀྱི་རྗེས་སུ་ཊོམ་གྱིས་ཨ་རིའི་དམག་མི་ཆ་ཚང་བ་དང་། དུས་ཡུན་ཐུང་ཐུང་ནང་སི་རི་ཡ་ནས་ཕྱིར་འཐེན་བྱེད་རྒྱུའི་གསལ་བསྒྲགས་བྱས་པ་ཞིག་ཡིན་འདུག་པ་དང་། ད་ལྟའི་ཆར་ཕྱིར་འཐེན་གྱི་ལས་གཞི་འགོ་བཙུགས་ཟིན་པའི་གནས་ཚུལ་འདུག
སྲིད་འཛིན་ཊོམ་གྱི་ཐག་གཅོད་དེར་ཨ་རིའི་མཐོ་རིམ་དཔོན་རིགས་སོགས་ཀྱིས་དགག་བྱ་ཆེན་པོ་བྱེད་བཞིན་ཡོད་ཀྱང་། ཊོམ་གྱིས་ངོས་ལེན་བྱས་མི་འདུག དགག་བྱ་བྱེད་མཁན་ཚོས་གལ་ཏེ་ཨ་རིའི་དམག་མི་ཆ་ཚང་ཕྱིར་འཐེན་བྱས་ཚེ། ད་ལྟའི་ཆར་སི་རི་ཡ་ནང་རྒྱལ་ཁབ་དེའི་སྲིད་འཛིན་བྷར་ཤ་ཨ་སཌེ་དང་ཨུ་རུ་སུ། དེ་བཞིན་ཨི་རན་བཅས་ཀྱི་ཤུགས་རྐྱེན་ཆེ་རུ་འགྲོ་རྒྱུ་ཡིན་ཁར། སི་རི་ཡ་ནང་ཨེ་སི་སི་འཇིགས་སྐུལ་ཚོགས་པའི་ཚོགས་མི་༡༤༠༠༠ ལས་མང་བ་དང་། དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་ཨི་རག་ནང་དེ་ལས་མང་བ་ལྷག་ཡོད་པའི་སྙན་ཐོ་ཐོན་ཡོད་པ་ལྟར། འཇིགས་སྐུལ་ཚོགས་པ་དེ་བསྐྱར་ལངས་བྱེད་རྒྱུ་ཡིན་པའི་སེམས་འཚབ་ཀྱིས། སྲིད་འཛིན་ཊོམ་གྱིས་མ་འོངས་པར་བསམ་བློ་གང་ཡང་བཏང་མེད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག
དེ་ཡང་སྲིད་འཛིན་ཊོམ་གྱིས་སི་རི་ཡའི་དམག་འཁྲུག་ནང་གི་འབྲེལ་ཡོད་ཨུ་རུ་སུ་དང་ཨི་རན་སོགས་ལ། ཐག་གཅོད་དེའི་སྐོར་གོ་བསྡུར་གང་ཡང་བྱས་མེད་ཀྱང་། ཨི་ཛེ་རིལ་ལ་གོ་བསྡུར་བྱས་ཡོད་འདུག ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་དབྱིན་ཡུལ་གྱིས་སྲིད་འཛིན་ཊོམ་གྱི་ཐག་གཅོད་དེར་དགག་བྱ་མངོན་གསལ་དོད་པོ་བྱས་མེད་ཀྱང་། ཨེ་སི་སི་འཇིགས་སྐུལ་ཚོགས་པ་ནི་ད་དུང་ཡང་མུ་མཐུད་ཉེན་ཁ་ཞིག་ཡིན་སྐོར་བསྒྲགས་འདུག
ཕྱི་ལོ་༢༠༡༡ ལོར་ཨ་རབ་ལས་འགུལ་ཆེན་མོ་དང་བསྟུན་ནས། སི་རི་ཡའི་མི་མང་གིས་སྲིད་འཛིན་ཨ་སཌེ་ལས་གནས་ནས་དགོངས་པ་ཞུ་དགོས་པའི་ངོ་རྒོལ་ལ། གཞུང་གི་དམག་མིས་དྲག་གནོན་བྱས་པས་རིམ་བཞིན་གྱེན་ལོག་དམག་མི་ཚོགས་པ་བཙུགས་ནས་གཞུང་ལ་འཐབ་རྒོལ་བྱེད་འགོ་བཙུགས་ཡོད་པ་རེད། རིམ་བཞིན་ཁ་ཆེ་འཇིགས་སྐུལ་རིང་ལུགས་པས་གོ་སྐབས་དམ་འཛིན་གྱིས་སི་རི་ཡ་དང་ཨི་རག་གཉིས་ཀྱི་ས་ཁུལ་ཁ་ཤས་ལ་བཙན་བཟུང་བྱས་ནས། དམག་འཁྲུག་ནང་གི་ཕྱོགས་གཏོགས་གསར་པ་ཞིག་ཆགས་ཡོད་པ་རེད། རྗེས་སུ་དྲག་སྤྱོད་ཚོགས་པ་དེས་ཕྱི་ལོ་༢༠༡༥ དང་༢༠༡༦ ལོར་ཡུ་རོབ་ཧྥ་རན་སི་དང་སྦེལ་རྗེམ། དབྱིན་ཡུལ་སོགས་ལ་དྲག་རྒོལ་བྱས་ཏེ། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ལ་འཇིགས་སྣང་ཆེན་པོ་བསྐུལ་ཡོད་པས། ཁུལ་དེ་དག་ལ་བདེ་འཇགས་ཀྱི་ཛ་དྲག་གི་ཁྲིམས་བཟོས་པ་མ་ཟད། ཡུ་རོབ་དང་ཨ་རི་སོགས་ཀྱིས་ཚོགས་པ་དེར་འཐབ་རྒོལ་བྱེད་ཆེད་གནམ་ཐོག་ནས་དྲག་རྒོལ་བསྟུད་མར་བྱས་ཡོད་པ་རེད། སི་རི་ཡའི་དམག་འཁྲུག་དང་བསྟུན་ནས་ཡུ་རོབ་རྒྱལ་ཁབ་ཁག་ནང་སྐྱབས་བཅོལ་སྔར་བྱུང་མ་མྱོང་བ་ཕོན་ཆེན་སླེབས་ནས་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་པ་དང་། ཡུ་རོབ་ཀྱི་ཆབ་སྲིད་ནང་གནད་དོན་དེ་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།
ནུབ་ཕྱོགས་རྒྱལ་ཁབ་ཨ་རི་གཙོས་པའི་ཨུ་རུ་སུ་སོགས་ཀྱིས་རང་ཉིད་ཀྱི་ཁེ་ཕན་དང་བསྟུན་ནས། ཕྱོགས་ཤིག་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཁར། མཉམ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་ནང་དུ། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་བྱས་པའི་སི་རི་ཡའི་གྲོས་ཆོད་ལ། ཨུ་རུ་སུས་ཉུང་མཐར་དགག་བྱ་བྱས་པ་ཐེངས་བརྒྱད་བྱུང་ཡོད་པ་དང་། རྒྱ་ནག་གིས་ད་བར་ཉུང་མཐར་དགག་བྱ་ཐེངས་དྲུག་བྱས་ཡོད་པས། བདེ་འཇགས་ལྷན་ཚོགས་ནང་གི་མི་མཐུན་པའི་ལངས་ཕྱོགས་དེས། མཉམ་འབྲེལ་རྒྱལ་ཁབ་ཀྱིས་སི་རི་ཡའི་རྩོད་རྙོག་དེ་མེད་པར་བཟོ་བར་འགག་རྡོ་ཆེན་པོ་ཞིག་ཏུ་གྱུར་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།