སུ་ཇ་བོད་ཁྱིམ་སློབ་གྲྭར་རྒྱལ་ཁ་ཐོབ་པ།
ཟླ་འདིའི་ཚེས་༢༤ ཉིན་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ། ཧི་མ་ཅལ་མངའ་སྡེའི་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་ལྔ་ཡི་བར་ལ། རྒྱུགས་མཆོང་འཕེན་གསུམ་གྱི་རྩེད་འགྲན་བྱས་ཡོད་པ་དང་། རྩེད་འགྲན་གྱི་སྤྱི་ཡོངས་བརྒྱ་ཆ་མཐོ་ཤོས་སུ་ཇ་བོད་ཁྱིམ་སློབ་གྲྭ་ཡིན་པ་རེད།
རྩེད་འགྲན་དེ་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་༥༦ འཁོར་བའི་མཛད་སྒོ་དང་སྟབས་བསྟུན་ཡོད་པ་དང་། དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་ཕེབས་ནས། ཁོང་གིས་རྩེད་འགྲན་མཇུག་རྫོགས་རྗེས། རྩེད་འགྲན་པ་ཚོས་སྒྲིག་འཛུགས་ལ་བརྩི་སྲུང་དང་མཛའ་མཐུན་ཐོག་རྩེད་མོ་རྩེས་ནས་མིག་དཔེ་ཡག་པོ་བསྟན་ཡོད་སྐོར་གྱི་བསྔགས་བརྗོད་གནང་སོང་།
དེ་སྔ་ཡིན་ན་ལོ་བཞི་རེའི་མཚམས་ལ། རྒྱ་གར་ནང་དུ་ཡོད་པའི་བོད་ཁྱིམ་སློབ་གྲྭ་ཚང་མའི་བར་ལ་རྒྱུགས་མཆོང་འཕེན་གསུམ་གྱི་རྩེད་འགྲན་བྱེད་ཀྱི་ཡོད་པ་དང་། འོན་ཀྱང་ཐེངས་འདིར་ཧི་མ་ཅལ་མངའ་སྡེའི་ནང་དུ་མེད་པའི་བོད་ཁྱིམ་སློབ་གྲྭ་གསུམ་མཉམ་ཞུགས་བྱས་མེད་པ་རེད། མཉམ་ཞུགས་བྱེད་མཁན་གྱི་སློབ་གྲྭ་ཁག་ལས། ཨང་དང་པོ་སུ་ཇ་བོད་ཁྱིམ་སློབ་གྲྭ ཨང་གཉིས་པ་རྡ་སྟེང་བོད་ཁྱིམ། ཨང་གསུམ་པ་ཅོན་ཏཱ་ར་བོད་ཁྱིམ། ཨང་བཞི་པ་གོ་པལ་པུར་བོད་ཁྱིམ། ཨང་ལྔ་པ་རྡ་ཤོད་བོད་ཁྱིམ་བཅས་ཡིན་པ་རེད། བུའི་ཁྱོན་བསྡོམས་ཀྱི་བརྒྱ་ཆ་མཐོ་ཤོས་སུ་ཇ་བོད་ཁྱིམ་སློབ་གྲྭ་དང་། བུ་མོའི་ཁྱོན་བསྡོམས་ཀྱི་བརྒྱ་ཆ་མཐོ་ཤོས་རྡ་སྟེང་བོད་ཁྱིམ་སློབ་གྲྭ་ལ་ཐོབ་ཡོད་པ་རེད། དེ་བཞིན་སློབ་གྲྭ་བར་གྱི་རུ་སྒྲིག་འགྲན་བསྡུར་དེ་ཅོན་ཏཱ་ར་བོད་ཁྱིམ་ལ་ཨང་དང་པོ་ཐོབ་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
