སུའུ་ཌན་གྱི་གྲོས་ཚོགས་ནང་ཡིད་ཆེས་མེད་པའི་གྲོས་ཆོད་བཞག་ནས་སྲིད་བློན་འཕོ་འགྱུར་བཏང་འདུག

ཡུ་རུབ་མང་གཙོའི་རྒྱལ་ཁབ་སུའུ་ཌན་(Sweden) གྱི་གྲོས་ཚུགས་སུ་སྲིད་བློན་སི་ཌན-ལོ་ཝན་(Stefan Lofven) ལ་ཡིད་ཆེས་མེད་པའི་འོས་བསྡུ་བྱས་པའི་ནང་། ཁོང་ལ་ཡིད་ཆེས་མེད་པའི་འོས་བླུག་མཁན་མང་བ་བྱུང་ནས་འཕོ་འགྱུར་བཏང་ཡོད་འདུག

ཕྱི་ཟླ་ ༦ པའི་ཡུ་རོབ་ཀྱི་ཚེས་ ༢༡ རེས་གཟའ་ཟླ་བའི་ཉིན་སུའུ་ཌན་གྱི་གྲོས་ཚོགས་ནང་དུ་སྲིད་བློན་སི་ཌན-ལོ་ཝན་(Stefan Lofven) ལ་ཡིད་ཆེས་མེད་པའི་ཐོག་ནས་གནས་དབྱུང་གཏོང་རྒྱུའི་གྲོས་འཆར་ཞིག་བཏོན་པའི་ནང་། གནས་དབྱུང་གཏོང་དགོས་པའི་འོས་ ༡༨༡ དང་། མི་དགོས་པའི་འོས་ ༡༠༩། བར་འདུག་ ༥༡ བཅས་བྱུང་ནས་ཁོང་འཕོ་འགྱུར་གཏོང་རྒྱུའི་གྲོས་ཆོད་བཞག་འདུག་པ་དང་། དེ་ནི་སུའུ་ཌན་གྱི་ལོས་རྒྱུས་ནང་དུ་ཆེས་ཐོག་མར་བྱུང་བ་ཞིག་ཡིན་འདུག

སུའུ་ཌན་གྱི་རྩ་ཁྲིམས་ལྟར་ན། གྲོས་ཚོགས་ཀྱིས་སྲིད་བློན་ཞིག་འཕོ་འགྱུར་བཏང་ཚར་བའི་རྗེས་སུ་ཁོང་ལ་བར་བརྒལ་འོས་བསྡུའི་རེ་སྐུལ་འདོན་པའམ། ཡང་ན་གྲོས་ཚོགས་ཀྱི་ཚོགས་གཙོ་ལ་སྲིད་གཞུང་གསར་འཛུགས་བྱེད་དུ་འཇུག་རྒྱུ་གཉིས་གང་རུང་བྱེད་པའི་དུས་ཚོད་བདུན་ཕྲག་ཅིག་ཡོད་འདུག་པ་དང་། སྲིད་བློན་སི་ཌན-ལོ་ཝན་གྱིས་གང་ཞིག་བྱེད་དགོས་མིན་ཐད་ལ་བསམ་གཞིགས་བྱེད་བཞིན་པའི་སྒང་ཡིན་སྐོར་བཤད་ཡོད་འདུག

སྲིད་བློན་འཕོ་འགྱུར་གཏོང་རྒྱུའི་གྲོས་འཆར་འདོན་མཁན་དེ་སུའུ་ཌན་རྒྱལ་ཡོངས་མང་གཙོ་ཚོགས་པ་(nationalist Sweden Democrats party) ཡིན་འདུག་ཅིང་། གྲོས་འཆར་དེར་རྒྱལ་ཁ་ཐོབ་པའི་རྒྱུ་མཚན་གཙོ་བོ་ནི། གཞུང་གིས་ཚོང་གི་ཆེད་དུ་སུའུ་ཌན་གྱི་སྡོད་ཁང་གསར་པའི་ཁང་གླར་དོ་དམ་སྟངས་འཛིན་བྱེད་མཚམས་འཇོག་རྒྱུ་ཡིན་ཚུལ་བཤད་པའི་རྗེས། ནམ་རྒྱུན་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གཡོན་ཕྱོགས་ཚོགས་པས་(Left Party) སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཚམས་བཞག་པས་ཡིན་འདུག

མང་གཙོ་ཚོགས་པའི་འགོ་ཁྲིད་ཇིམ་མཱ-ཨག་སོན་(Jimmie Akesson) གྱིས་གྲོས་ཚོགས་ནང་དུ་ད་ལྟའི་སྲིད་གཞུང་ལ་འཇོན་ནུས་ཆུང་ཞིང་གནོད་འཚེ་ཆེ་ཞེས་བརྗོད་པའི་ཐོག “སྲིད་གཞུང་འདི་ལ་དབང་ཤུགས་གཏན་ནས་མ་ཐོབ་ན་ཡག་ཤོས་ཡིན་”ཞེས་བསྣན་འདུག

ལོ་ན་ ༦༣ ལ་ཐོན་པའི་སི་ཌན-ལོ་ཝན་(Stefan Lofven) ཕྱི་ལོ་ ༢༠༡༤ ལོར་སུའུ་ཌན་གྱི་སྲིད་བློན་དུ་འདེམས་ཐོན་བྱུང་བ་དང་། སུའུ་ཌན་གྱི་མང་གཙོའི་ལོ་རྒྱུས་ནང་དུ་གྲོས་ཚོགས་ཀྱིས་ཡིད་ཆེས་མེད་པའི་གྲོས་ཆོད་བཞག་ནས་འཕོ་འགྱུར་བཏང་བའི་སྲིད་བློན་ཐོག་མ་དེ་ཆགས་ཡོད་འདུག །

གསར་འགོད་དཀོན་མཆོག་རབ་བརྟན།