སེར་སྨད་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད།

ཟླ་འདིའི་ཚེས་༢༡ སྤྱི་ནོར་༸གོང་ས་མཆོག་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་ར་གསར་པ་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ལེགས་གྲུབ་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་ཆིབས་སྒྱུར་བསྐྱངས་པ་དང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། དགའ་ལྡན་ཁྲི་རིན་པོ་ཆེ། དགའ་ལྡན་ཁྲི་ཟུར་རི་རྫོང་སྲས་སྤྲུལ་རིན་པོ་ཆེ།  ཤར་བྱང་གི་ཆོས་རྗེ་རྣམ་གཉིས།  གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམ་པ། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ། ཕྱོགས་བཞུགས་སྤྱི་འཐུས་རྣམ་པ། ས་གནས་འགོ་འཛིན་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་རེད།

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། མཛད་སྒོའི་ཐོག་རྒྱ་གར་གྱི་བླ་ཆེན་H.H.Jagadguru Sri. Shivarathri Mahaswamiji (24th pontiff of Sri Suttur Math) ཡིས་༸གོང་ས་མཆོག་ལ་ཆེ་བསྟོད་ཞུ་སླད་རྒྱ་གར་སྲོལ་རྒྱུན་གྱི་དབུ་ཞྭ་འབུལ་ལམ་ཞུས་པ་དང་། རྒྱ་གར་བླ་ཆེན་H.H.Sri. Dr.Nrimalanandanatha Mahaswamiji (74 nd pontiff of Adichunchanagiri Mahasmsthana ཡིས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་ཚུལ་དུ་སྲོལ་རྒྱུན་ཆོས་ལུགས་ཀྱི་ལམ་སྲོལ་ལྟར་གཟན་དམར་པོ་ཞིག་འབུལ་ལམ་ཞུས་ཡོད་པ་རེད།

༸གོང་ས་མཆོག་གིས་བཀའ་སློབ་གནང་དོན། “དེ་རིང་འདིར་རྒྱ་གར་མུ་སྟེགས་པའི་བླ་ཆེན་དང་མཁས་དབང་རྣམ་པ་ཆེད་མངགས་འདིར་ཕེབས་པ་དེས་ག་རེ་མཚོན་བཞིན་ཡོད་བརྗོད་ན། རྒྱ་གར་འཕགས་པའི་ཡུལ་ལ་སངས་རྒྱས་བཅོམ་ལྡན་འདས་མ་བྱོན་གོང་ནས་ལྟ་གྲུབ་དང་འབྲེལ་བའི་ཆོས་བརྒྱུད་དེ་འདྲ་གྲངས་ཅན་པའི་ལྟ་གྲུབ་ནས་བཟུང་གཅེར་བུ་བ་སོགས་མུ་སྟེགས་པའི་གཞུང་མང་པོ་ཡོད། མུ་སྟེགས་པའི་གཞུང་དེ་དག་གི་ནང་སེམས་ཁམས་རིག་པའི་སྐོར་ཤུགས་ཆེན་པོ་ཡོད། རྒྱ་གར་གྱི་ཆོས་བརྒྱུད་དེ་དག་ནང་ཞི་གནས་དང་ལྷག་མཐོང་གི་རྣམ་བཞག་ཡོད།  ཞི་གནས་དང་ལྷག་མཐོང་སྒོམ་པར་སེམས་ཁམས་རིག་པའི་འགྲོ་སྟངས་སྐོར་རང་བཞིན་གྱི་ཤེས་དགོས་པ་ཞིག་རེད། སངས་རྒྱས་བཅོམ་ལྡན་འདས་མ་བྱུང་གོང་ནས་རྒྱ་གར་ལ་སེམས་ཁམས་རིག་པ་ཟབ་ཅིང་རྒྱ་ཆེ་བ་ཡོད། རྒྱ་གར་འཕགས་པའི་ཡུལ་འདིར་ལོ་ངོ་སྟོང་ཕྲག་གསུམ་ལྷག་གི་རིང་ལ་ཆོས་བརྒྱུད་མང་པོ་ཡོད་པ་དེ་དག་མཁས་པའི་རྣམ་དཔྱོད་ཀྱི་ཐོག་ནས་བགྲོ་གླེང་དང་རྩོད་པ་ཡོང་གི་ཡོད། འོན་ཀྱང་གཞི་རྩའི་ཆ་ནས་གཅིག་གིས་གཅིག་ལ་གུས་བརྩི་དང་མཐོང་ཡོད་པའི་ཐོག་ནས་འགྲོ་གི་ཡོད། རྒྱ་གར་འཕགས་པའི་ཡུལ་འདིར་དུས་ད་ལྟ་ཡིན་ནའང་ཆོས་ལུགས་རིས་སུ་མ་ཆད་པ་ཚང་མ་གཅིག་གིས་གཅིག་ལ་བརྩི་འཇོག་དང་གུས་པ་ཡོད་པའི་ཐོག་ནས་མཉམ་དུ་འགྲོ་གི་ཡོད། དེ་འདྲའི་ཆོས་ལུགས་མཐུན་སྒྲིལ་ཡོད་པ་དེས་འཛམ་བུ་གླིང་སྤྱི་ལ་མིག་དཔེ་སྟོན་ས་ཞིག་ཆགས་འདུག དེར་བརྟེན་ངོས་ཀྱིས་འཛམ་བུ་གླིང་གང་སར་ཆོས་ལུགས་མཐུན་སྒྲིལ་བྱེད་ཐུབ་ཀྱི་རེད་ཟེར་གྱི་ཡོད། རྒྱུ་མཚན་ནི་རྒྱ་གར་ནང་ལ་ཆོས་ལུགས་མཐུན་སྒྲིལ་ཡོང་གི་ཡོད།  རྒྱ་གར་ནང་ཆོས་ལུགས་མཐུན་སྒྲིལ་ཡོང་གི་ཡོད་པ་དེའང་རྒྱ་གར་རང་བཙན་ཐོབ་ནས་གསར་པ་བྱུང་བ་དེ་འདྲ་མ་རེད། རྒྱ་གར་ནང་ལོ་སྟོང་ཕྲག་གསུམ་གྱི་རིང་ལ་ཆོས་ལུགས་མཐུན་སྒྲིལ་བྱས་ནས་བསྡད་པ་རེད། འཛམ་བུ་གླིང་གང་སར་ཆོས་ལུགས་མཐུན་སྒྲིལ་ཡོང་བར་འབད་བརྩོན་བྱེད་ན། ཆོས་ལུགས་མཐུན་སྒྲིལ་ངེས་པར་དུ་ཡོང་ཐུབ་རྒྱུ་རེད་ཟེར་གྱི་ཡོད། རྒྱ་གར་ནང་ཆོས་ལུགས་མཐུན་སྒྲིལ་ཡོང་གི་ཡོད་སྟབས་ངོས་ཀྱིས་འཛམ་བུ་གླིང་གང་སར་ཆོས་ལུགས་མཐུན་སྒྲིལ་ཡོང་བར་འབད་བརྩོན་གཙོ་བོ་བྱས་ནས་འགྲོ་བཞིན་ཡོད། དེ་རིང་ཁྱེད་རང་ཚོ་ཆེད་མངགས་འདིར་ཕེབས་པར་ཧ་ཅང་དགའ་པོ་བྱུང་”ཞེས་བཀའ་སློབ་གནང་།

༧གོང་ས་མཆོག་གིས་མུ་མཐུད་ཆོས་ར་གསར་པ་དབུ་འབྱེད་དང་འབྲེལ་བཀའ་སློབ་གནང་དོན། “ངོས་རང་ངོ་སྤྲོད་བྱེད་སྐབས་ངོས་རང་གནའ་རབས་རྒྱ་གར་རིག་གཞུང་གི་མགྲིན་ཚབ་པ་བྱེད་ཀྱི་ཡོད་ཤོད་བཞིན་ཡོད། དེ་རིང་དམིགས་བསལ་གྱི་སེར་སྨད་ཆོས་ར་གསར་པ་དབུ་འབྱེད་མཛད་སྒོའི་དགའ་སྟོན་ལ་ཁྱེད་རང་ཚོ་ཆེད་དུ་ཕེབས་པར་ཧ་ཅང་དགའ་པོ་བྱུང་།  ཐུགས་རྗེ་ཆེ།  དེ་རིང་འདིར་སྐབས་སུ་བབ་པ་དེ་སེར་སྨད་གྲྭ་ཚང་ནས་ཆོས་ར་རྒྱ་སྐྱེད་གནང་བ་དང་། ཚན་རིག་གི་འཛིན་ཁང་གསར་སྐྲུན་ཡོད་པ་གོང་དུ་ལས་བསྡོམས་ནང་གསུངས་པ་བཞིན་འཛུགས་སྐྲུན་རྒྱ་ཆེ་ཐག་ཆོད་བྱུང་འདུག འགྲོ་སོང་ཡང་ཆེ་ཐག་ཆོད་རེད། སྦྱིན་བདག་དང་འབྲེལ་ཡོད་ཚང་མས་ལྷག་བསམ་རྣམ་དག་ཐོག་ནས་རྒྱབ་སྐྱོར་དང་མཐུན་རྐྱེན་སྦྱར། ལས་ཀ་བྱེད་མཁན་ཚོས་ཀྱང་བསམ་པ་རྣམ་དག་གི་སྒོ་ནས་བསྒྲུབས། མཁན་པོས་དབུ་ཁྲིད་ནས་ཧ་ཅང་ཡག་པོ་བྱུང་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་བོད་པའི་ཁ་རྒྱུན་ལ། གཟི་བརྗིད་ཁོག་སྟོང་ཟེར་བ་ཞིག་བཤད་སྲོལ་ཡོད།  ཕྱི་ནས་ལྟ་དུས་གཟི་བརྗིད་ཆེ་མདོག་ཁ་པོ་དང་ནང་ལ་དེ་ཙམ་མེད་པ་ཡིན་ན། གཟི་བརྗིད་ཁོག་སྟོང་རེད། དེར་བརྟེན་དེ་འདྲ་ཡོང་མི་སྲིད་པའང་མ་རེད། ཕྱི་དངོས་པོའི་མཐུན་རྐྱེན་འཛོམས་པོ་དང་འཛུགས་སྐྲུན་ཡར་རྒྱས་ཕྱིན་པ་དང་ཆབས་ཅིག་ནང་གི་བསླབ་པ་སློབ་གཉེར་བྱ་རྒྱུ་དེ་དག་ཐོག་ལའང་འཐུས་ཤོར་མ་སོང་བ་ཞིག་བྱ་དགོས། འདས་པའི་ལོ་བརྒྱ་ཕྲག་རིང་ལ་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་ཚད་མ་རིག་པ་དང་འབྲེལ་བའི་ལྟ་སྒོམ་སྤྱོད་གསུམ་འགྲེལ་བཤད་ཟབ་པོ་ཡོད་པ་དེ་དག་འཛམ་བུ་གླིང་གི་དམིགས་བསལ་ཞིག་ཆགས་ཡོད་པ་གསལ་པོ་རེད། དེ་དག་རྒྱ་གར་ནང་ཉམས་རྒུད་ཕྱིན་པ་རེད། དེ་དག་བདག་པོ་བརྒྱབ་སྟེ་སླར་གསོ་བྱེད་མཁན་བོད་པ་གཅིག་པུ་རེད། སྔར་དེའི་ཚེ་དེའི་དུས་དར་སྲོལ་མེད་མཁན་ཕྱི་དངོས་ཁམས་རིག་པ་གཙོ་བོ་ཉམས་ཞིབ་བྱས་ནས་གོ་རྟོགས་གསར་པ་ཡོད་མཁན་ཚན་རིག་གི་རིག་གནས་སླེབ་ཀྱི་ཡོད། དེའི་སྐོར་ང་ཚོས་ཤེས་དགོས་”ཞེས་བཀའ་སློབ་གནང་།

༧གོང་ས་མཆོག་གིས་ཚན་རིག་ལ་དོ་སྣང་དགོས་སྐོར་དང་འབྲེལ་གསུང་དོན། “ཆོས་མངོན་པ་མཛོད་ལས་འཇིག་རྟེན་ཁམས་ཀྱི་རྣམ་གཞག་སྐོར་གསུངས་ཡོད། ཚན་རིག་གི་ཐོག་ནས་མཐོང་ཆོས་སུ་རྙེད་རྒྱུ་ཡོད་པ་དང་། འགྲེལ་བཤད་རྒྱག་རྒྱུ་ཡོད་པ་དེ་དག་ངོས་རང་ཡིད་ཆེས་ཆེ་བ་ཡོད་པ་མ་གཏོགས། ཚན་རིག་གི་ཐོག་ནས་མཐོང་རྒྱུ་ཡོད་པ་དེ་དག་སྣང་ཆུང་དུ་བཞག་ནས་ང་ཚོའི་གཞུང་ནས་གསུངས་པ་དེ་དག་ལུང་ལས་གསུངས་པ་རེད་ཅེས་རྩ་ཆེ་བ་བརྩི་ཡི་མེད། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་འདུག རྟག་དཔྱད་བྱས་ནས་འགྲོ་དགོས་རེད་གསུང་གི་ཡོད། དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་འཛིན་མཁན་ཞིག་ལ་དཀའ་ངལ་རྩ་བ་ནས་མེད། བཅོམ་ལྡན་འདས་རང་གིས་གསལ་པོ་བྱས་ནས་ཐག་གཅོད་བྱས་ཚར་འདུག དེ་འདྲ་ཡིན་དུས་ཚན་རིག་པ་དང་མཉམ་དུ་ང་ཚོ་སྤོབས་པ་བྱས་ནས་འགྲོ་དགོས་རེད། ཕན་ཚུན་གཅིག་གིས་གཅིག་ལ་སློབ་སྦྱོང་བྱ་དགོས། ང་ཚོས་རིག་གསར་ཚན་རིག་སློབ་སྦྱོང་དེར་ཁ་སྣོན་བརྒྱག་དགོས། བཤད་གྲྭ་དེ་དག་ནང་དུའང་ནང་ཆོས་ཀྱི་སློབ་སྦྱོང་གཅིག་པུ་མིན་པར། སེམས་ཁམས་རིག་པ་དང་དངོས་ཁམས་རིག་པ་བཅས་ལའང་སློབ་སྦྱོང་ཡོང་བའི་ནུས་པ་ཡོད་པ་དེར་གོམས་པ་རིམ་སྤོ་བྱས་ནས་འགྲོ་དགོས། ང་ཚོ་དུས་རབས་༢༡ པའི་ནང་པ་ཞིག་བྱེད་དགོས། ད་བར་ཚང་མས་ཧུར་ཐག་གནང་བ་རེད། ད་དུང་ཡིན་ནའང་ཧུར་ཐག་གནང་རོགས་ཞུ་རྒྱུ་ཡིན་”ཞེས་བཀའ་སློབ་བསྩལ་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།