སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་དང་པོ་དེ་འཚོགས་ཡོད་པ་རེད།

ཟླ་འདིའི་ཚེས་༡༡ ཉིན་གྱི་སྔ་དྲོ་དྷ་ས་གངས་སྐྱིད་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་ནང་སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་དང་པོ་དེ་འཚོགས་པ་ཡོད་དང་། ཐེངས་འདིའི་ཚོགས་ཐོག་ཏུ་སྤྱི་འཐུས་༤༥ ཚང་མ་ལྷན་འཛོམས་ཐུབ་ཡོད་པ་རེད།

ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གསུང་བཤད་གནང་སྐབས། “ང་ཚོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་འགན་དབང་བསྐུར་བཞག་པ་གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་དོན་ལ་ལྟ་སྐྱོང་བྱེད་རྒྱུ། བོད་ནང་གི་བོད་མིའི་དཀའ་ངལ་སེལ་ཐབས། བོད་ཀྱི་ཁོར་ཡུག་གི་གནས་སྟངས་དེ་ཚོའི་ཐོག་ང་ཚོ་བཙན་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་། གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དམིགས་ཡུལ་དེའི་ཐོག་འགྲོ་དགོས་པ་ལས་དོན་གལ་ཆེ་བ་དེ་ཆགས་ཡོད་པ་རེད་”ཅེས། ཐེངས་འདིའི་གྲོས་ཚོགས་ནང་སྤྱི་འཐུས་གསར་པ་༡༨ དང་དེ་སྔོན་སྤྱི་འཐུས་བྱེད་མྱོང་མཁན་༢༧ ཡོད་སྐོར་ངོ་སྤྲོད་གནང་བ་དང་ཚང་མས་ལས་དོན་ཐོག་ནུས་པ་མཉམ་སྤུངས་དགོས་སྐོར་གསུངས་སོང་། དེ་བཞིན་ཚོགས་གཙོས་བོད་མིའི་གྲོས་ཚོགས་དེ་གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་ཚོགས་པ་མེད་པས། ཚང་མས་ལས་དོན་གང་ཡིན་གྱི་ལེགས་པའི་ཆ་ལ་རྒྱབ་སྐྱོར་དང་ཉེས་པའི་ཆ་ལ་བྱ་ར་དང་ལམ་སྟོན་གནང་ནས་སྤྱི་མོས་དང་མང་མོས་གང་རུང་གིས་ཐག་གཅོད་དགོས་སྐོར་གསུངས་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་མ་འོངས་པར་གྲོས་ཚོགས་དང་མཉམ་ལས་བྱེད་ཕྱོགས་སྐོར་ལ་དོན་ཚན་༨ ཡོད་པ་ཞིག་སྒྲོགས་སྦྱང་གནང་སོང་བ་གཤམ་གསལ།

༡། སྤྱི་འཐུས་ལྷན་ཚོགས་སུ་ལས་དོན་སྙན་ཞུ་དང་། གཏམ་བཤད། གསལ་བཤད་ཞུ་སྒོ་དང་། སྤྱི་འཐུས་ལྷན་ཚོགས་ལ་འགན་ཁུར་བའི་ཐོག་ནས་ལས་དོན་སྙན་ཞུ་དང་། དྲི་བར་ལན་འདེབས་བྱེད་སྒོ་བཅས་བཅའ་ཁྲིམས་ནང་གསལ་འཚེམས་ལུས་མེད་པར་ཞུ་རྒྱུ་དང་། སྤྱི་བའི་ལས་དོན་དང་འབྲེལ་བའི་དོན་གནད་ཐོག་གསང་རྒྱ་དགོས་པའི་གནས་ཚུལ་ཕུད། གྲོས་ཚོགས་བརྒྱུད་ནས་མང་ཚོགས་ལ་འགན་ཁུར་དང་། ལན་འདེབས། རྩིས་རྒྱག་ཞུ་རྒྱུ།

༢། ཁྲིམས་སྒྲིག་ནང་གསལ་གྲོས་ཚོགས་ཀྱི་ལས་དོན་གནང་སྒོ་ཁག་ལ་འཛིན་སྐྱོང་གི་མཐུན་འགྱུར་ཞུ་སྒོ་རྣམས་གང་ཡོད་ཞུ་རྒྱུ།

༣། མང་ཚོགས་ལ་ཆབ་སྲིད་གོ་རྟོགས་སྤེལ་རྒྱུ་དང་། གཞིས་ཆགས་སྲ་བརྟན་དང་འབྲེལ་བའི་བསམ་ཚུལ་སྡོད་ལེན། ཉམ་ཐག་ལ་ལྟ་སྐྱོང་། ཤེས་ཡོན་ཡར་རྒྱས་དང་ཚགས་ཚུད། ས་འཐུས་དང་རང་ཚོགས་ཁག་གི་ལས་དོན་ཡར་རྒྱས་ཚགས་ཚུད་སླད་སྤྱི་འཐུས་རྣམ་པ་ས་བགོས་ལྟར་གྱི་ས་གནས་སོ་སོར་ཕྱོགས་ཕེབས་གནང་སྲོལ་ཡོད་པ་ལྟར། མང་ཚོགས་ལ་འགན་ཁུར་དང་། བསམ་ཚུལ་སྡུད་ལེན་བརྒྱུད་མང་ཚོགས་དང་སྐུ་ཚབ་དབར་འབྲེལ་བ་དམ་ཟབ་ཡོང་བའི་ལས་གཞི་དེར་འཛིན་སྐྱོང་ནས་མུ་མཐུད་རྒྱབ་སྐྱོར་མཐུན་འགྱུར་དང་། ས་འཐུས་མེད་སར་ས་འཐུས་གསར་འཛུགས་ཐུབ་ཆེད་འཛིན་སྐྱོང་ནས་མཐུན་འགྱུར་ཞུ་རྒྱུ། དེ་བཞིན་ཕྱོགས་བསྐྱོད་སྐབས་སོ་སོར་ཞིབ་འཇུག་ཚད་ལྡན་གནང་བའི་ལས་དོན་སྙན་ཐོ་ཁག་ལ་མཇུག་སྐྱོང་ནན་པོ་བྱ་རྒྱུ།

༤། རྒྱལ་སྤྱིའི་གྲོས་ཚོགས་ཁག་ལ་འབྲེལ་གཏུག་རྒྱུན་སྐྱོང་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སྡུད་སྐོང་ལ་མཐུན་འགྱུར། གྲོས་ཚོགས་ནས་སྐབས་དུས་སོ་སོར་བོད་སྤྱིའི་རྩ་དོན་དང་། བོད་མིའི་བདེ་རྩར་སྨན་པའི་ལས་འགུལ་ཇི་སྤེལ་ལ་མཐུན་འགྱུར་ཞུ་རྒྱུ།

༦། གྲོས་ཚོགས་གཏན་འབེབས་གནང་བའི་གྲོས་ཆོད་ཁག་ལག་བསྟར་ཐུབ་དང་མ་ཐུབ་ཀྱི་གནས་སྟངས་ཇི་ཆགས་གྲོས་ཚོགས་ལ་སྙན་གསན་ཞུ་རྒྱུ།

༧། འཛིན་སྐྱོང་གི་ངོས་ནས་དུས་ཀྱི་དགོས་མཁོ་ལྟར་ཁྲིམས་སྒྲིག་བསྐྱར་བཅོས་ཁྲིམས་འཆར་དང་། ཁྲིམས་སྒྲིག་གི་འཆར་ཟིན་ཁག་གྲོས་ཚོགས་ལ་འབུལ་རྒྱུ། ཚོགས་དྲུང་ལས་ཁུངས་ཀྱི་ལྟ་སྐྱོང་འོག་ཁྲིམས་དོན་ལས་ཁུངས་ཤིག་འཛུགས་ཆོག་པའི་ཆ་རྐྱེན་ཡོད་པ་དེ་ ༢༠༡༡ ལོར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འགན་དབང་ཁོངས་ནས་ཕར་བླངས་པ་ཞིག་ཡིན་ཡང་། ད་བར་ལོ་ངོ་ ༣༠ རིང་ལས་དོན་འགོ་འཛུགས་གནང་ཐུབ་མེད་པ་དེ་ཉིད་བསྐོ་འཛུགས་གནང་ཐུབ་པ་ཡིན་ན། འཛིན་སྐྱོང་གི་ངོས་ནས་མཐུན་རྐྱེན་གང་ཡོང་སྦྱར་རྒྱུ།

༩། སྐབས་གསར་པའི་བཀའ་ཤག་གི་ངོས་ནས་སྤྱི་སྙོམས་དྲང་བདེན་དང་། ནུས་པ་མཉམ་སྤུངས། གོམ་པ་མདུན་སྤོ་བཅས་བསྒྲགས་ཚིག་གསུམ་གཞིར་རྩར་བཞག་སྟེ་ལས་དོན་བསྒྲུབ་རྒྱུ་དང་། འཛིན་སྐྱོང་གི་བྱེད་སྒོ་མཐའ་དག་ཁྲིམས་སྒྲིག་གཞིར་བཟུང་ལག་བསྟར་བྱ་རྒྱུ་ནི་སྤྱི་སྙོམས་དྲང་བདེན་གྱི་སྙིང་དོན་ཡིན་པ་དང་། ནུས་པ་མཉམ་སྤུངས་ཀྱིས་ཕྱོགས་ལྷུང་དང་སྒེར་འཁོན་སྤང་བྱར་བཞག་སྟེ། སྤྱི་དོན་ཐོག་རང་གཞན་རོགས་གསུམ་གཟོང་ཁ་གཅིག་ཏུ་བསྒྲིལ་རྒྱུར་དམིགས་ཡོད་ཅིང་། གོམ་པ་མདུན་སྤོ་ནི་ཕྱིར་བཤིག་རྒྱག་ཐབས་མེད་པ་དང་། རང་སོར་གནས་ས་མི་འགྲོ་སྟབས། བོད་མིའི་རྩ་དོན་དང་བདེ་དོན་ཐོག་རྒྱུན་མཐུད་ཡར་རྒྱས་ཀྱི་ཁ་ཕྱོགས་སྙེག་དགོས་པའི་བསམ་འདུན་བསྟན་པ་ཞིག་ཡིན། བཀའ་ཤག་གི་ངོས་ནས་བསྒྲགས་ཚིག་གཞིར་བཟུང་ལག་བསྟར་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད།
༡༠། བཀའ་ཤག་གི་གསལ་བཤད་རྒྱས་པ་གྲོས་ཚོགས་ཚོགས་དུས་རྗེས་མའི་ཐོག་འབུལ་གྱི་ཡིན་པ་བཅས།

ཐེངས་འདིའི་གྲོས་ཚོགས་ནང་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཁག་ཅིག་བཞག་པ་དང་། ཁྲིམས་་སྒྲིག་ཁག་ཅིག་བསྐྱར་བཅོས། བཀའ་བློན་གསར་འདེམས་བཅས་ཀྱི་ལས་རིམ་ཉིན་གཉིས་རིང་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།