སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་བཞི་པ་འགོ་འཛུགས་གནང་སོང་།
ཟླ་༩ པའི་ཚེས་༧ ཉིན་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༤ པ་དེ་འགོ་འཛུགས་བྱས་ཡོད་པ་དང་། སྐབས་དེར་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ཚོགས་གཙོའི་གསུང་བཤད་ནང་དུ། མང་གཙོའི་སྤྱི་ཚོགས་ནང་དུ་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་འདྲ་མིན་ཡོང་ཆོག་གི་ཡོད་པ་དང་ཡོང་རྒྱུའི་སྡིངས་ཆ་བསྐྲུན་དགོས་ཀྱི་ཡོད་རེད་དེ། སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་གནད་དོན་ཐོག་སླེབས་དུས་ཚང་མས་ནུས་པ་མཉམ་སྤུངས་བྱེད་རྒྱུ་གལ་ཆེན་བརྩི་ཡི་ཡོད་པ། དེ་བཞིན་རྒྱ་ནག་གི་ཆབ་སྲིད་འགྱུར་འགྲོས་དང་བསྟུན་ནས་བོད་མི་ཚོས་འཆར་གཞི་དང་གདོང་ལེན་བྱེད་ཕྱོགས་སོགས་ཀྱི་ཐོག་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་ཆགས་ཡོད་པ། དེ་བཞིན་གྲོས་ཚོགས་སྐབས་སུ་འབྲེལ་ཡོད་ཚང་མས་བོད་རྩ་དོན་གྱི་ཆེད་དུ་ལྷག་བསམ་དང་སེམས་ཤུགས་ཀྱི་ཐོག་ནས་བཀའ་མོལ་དང་བསམ་ཚུལ་གནང་བ་ལས། སྒེར་གྱི་ཚོར་བའི་ཐོག་ནས་མི་འགྲོ་བ་བྱེད་རྒྱུ་གལ་ཆེན་ཡིན་ཁར། ལས་རིམ་རྣམ་བཞག་དེ་ཁྲིམས་སྒྲིག་ལྟར་བེད་སྤྱོད་གནང་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།
ཐེངས་འདིའི་གྲོས་ཚོགས་ནང་དུ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར། ཁྲིམས་སྒྲིག་བསྐྱར་བཅོས་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གྱི་གནས་སྟངས་ཇི་ཆགས་རྟོག་ཞིབ་ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོ་འདོན་རྒྱུ། ལྷན་ཁང་ཁག་གི་ལས་བསྡོམས་སྙིང་བསྡུས་འདོན་རྒྱུ་དང་། ལས་བསྡོམས་རྒྱས་པ་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཞིབ་འཇུག་སྙན་ཐོ་དང་དེ་འབྲེལ་གྱི་བགྲོ་གླེང་། དྲི་བ་དང་གསལ་བཤད། སྐར་རྟགས་ཅན་གྱི་དྲི་བ་སོགས་ཡོད་པ་རེད་འདུག
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ནང་དུ། ཕྱི་ལོ་༢༠༢༢ ཟླ་༣ པའི་ཚེས་༢༧ ཉིན། རྔ་བ་ཀིརྟི་དགོན་པར་ལྟ་རྟོག་བྱེད་མཁན་རྒྱ་གཞུང་ཉེན་རྟོག་ལས་ཁུངས་མདུན་དུ། རང་ལུས་མེར་བསྲེགས་གནང་ནས་འདས་གྲོངས་སུ་སོང་ཡོད་མཁན་དཔའ་བོ་བཀྲ་ཕུན་དང་། བོད་མི་མང་སྤྱི་འཐུས་ཟུར་པ་བྱར་གསང་གླིང་ཚེ་དབང་རྣམ་རྒྱལ། ཉི་ཧོང་གི་སྲིད་བློན་ཟུར་པ་ཤིན་ཛོ་ཨ་བྷེ་བཅས་ལ་རྗེས་སུ་ཡི་རངས་དང་མྱ་ངན་གུས་འདུད་ཞུས་འདུག
བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ནང་དུ། ༡༽ ད་བར་རྒྱ་ནག་དམར་གཞུང་གི་བཙན་གནོན་དང་སྡུག་སྦྱོང་མནར་གཅོད་འོག་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་དང་། འཕགས་མཆོག་འཇིག་རྟེན་མགོན་པོས་རྗེས་སུ་བཟུང་ནས་སླར་ཡང་གང་གི་གདུལ་ཞིང་བོད་ཁ་བ་གངས་ཅན་དུ་སྐྱེས་ཤིང་བོད་བསྟན་སྲིད་དོན་དུ་རྨད་བྱུང་གི་མཛད་རྗེས་འཇོག་གནང་ཡོང་བའི་སྨོན་འདུན་དང་ཤུལ་ལུས་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ།
༢) དེང་སྐབས་བོད་ནང་རྒྱ་གཞུང་གི་ནད་ཡམས་རྩ་མེད་ཀྱི་སྲིད་བྱུས་ཟེར་བའི་གདུག་རྩུབ་ཆེ་བའི་དྲག་གནོན་འོག་ནད་ཡམས་གནས་སྟངས་སོགས་ཀྱི་དཀའ་ངལ་དང་། སྡུག་སྦྱོང་མྱང་དང་མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་བ་དང་། རྒྱ་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་བྱེད་ཕྱོགས་དེ་དག་མྱུར་དུ་མཚམས་འཇོག་གིས་བོད་མི་རྣམས་རྒྱུན་ལྡན་གྱི་འཚོ་བར་རོལ་རྒྱུའི་མཐུན་འགྱུར་སྦྱོར་དགོས་རྒྱུ།
༣༽ རྒྱ་གཞུང་གིས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་འགལ་བའི་བོད་ཐོག་འཛིན་པའི་དྲག་གནོན་དང་གདུག་རྩུབ་ཀྱི་སྲིད་བྱུས་རྣམས་འཕྲལ་དུ་མཚམས་འཇོག་དགོས་རྒྱུ་དང༌། བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་ངེས་པར་དུ་བརྩི་སྲུང་བྱེད་དགོས།
༤)༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་དཔལ་བཟང་པོ་(དགེ་འདུན་ཆོས་ཀྱི་ཉི་མ་)མཆོག་གིས་གཙོས་རྒྱ་གཞུང་གི་བཙན་འོག་ཏུ་སྡུག་སྦྱོང་མྱོང་བཞིན་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་བཏང་ནས་ཁོང་རྣམ་པའི་ཚེ་སྲོག་ལ་བར་ཆད་མེད་པའི་འགན་ཁུར་ཐོག་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལོངས་སུ་སྤྱོད་འཇུག་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན།
༥༽ བོད་ནི་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་ནའང་ད་ལྟའི་ཆར་བོད་རྒྱའི་དཀའ་རྙོག་སེལ་བའི་ལྡེ་མིག་ལྟ་བུ་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཡིན་པས། ཁོང་གི་དགོངས་གཞི་བཞིན་བོད་རྒྱ་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱ་འབྲེལ་མོལ་ཡོང་ཐབས་བྱ་དགོས་པའི་སྐུལ་མ་བསྐྱར་དུ་བྱ་རྒྱུ་ཡིན།
༦༽ རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་བཙན་བྱོལ་བ་རྣམས་ལ་གཞལ་དུ་མེད་པའི་བཀའ་དྲིན་བླ་མེད་དུ་བསྐྱངས་བར་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་ནང་གི་གཞུང་དང༌། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྒྲིག་འཛུགས། གནད་ཡོད་མི་སྣ། མི་སྒེར་བཅས་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ།
༧)འདས་པའི་མི་ལོ་ ༦༣ ཙམ་གྱི་རིང་གཞིས་བཞུགས་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་སྦྱོང་མནར་གཅོད་ཁྲོད་གནས་བཞིན་ཡོད་ནའང༌། བོད་མི་རིགས་ཀྱི་སྙིང་སྟོབས་དང༌། ཆོད་སེམས། ལ་རྒྱ་སོགས་འགྱུར་བ་མེད་པའི་རང་བཞིན་ལ་བསྔགས་བརྗོད་དང་འབྲེལ་རང་རེ་བཙན་བྱོལ་བོད་མི་རྣམས་ཀྱིས་མིག་དཔེ་བླངས་ཏེ། བོད་དོན་བདེན་པའི་འཐབ་རྩོད་དང༌། བོད་ཀྱི་ཆོས་དང་རིག་གཞུང༌། སྐད་ཡིག་རྣམས་མི་ཉམས་རྒྱུན་འཛིན་ཐོག་བོད་མི་རྣམས་ཀྱི་ཆིག་བསྒྲིལ་གྱི་ནུས་པ་གོང་མཐོར་གཏོང་རྒྱུར་ཕྱོགས་ཡོངས་ནས་ཚང་མས་འབད་བརྩོན་བྱ་དགོས་པ་བཅས་འཁོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།