སྐབས་བདུན་པའི་གཡུ་ཐོག་གཟེངས་རྟགས་སྨན་པ་རྡོ་རྗེ་དགྲ་འདུལ་ལ་གནང་སོང་།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཀྱི་ཚོགས་ཁང་དུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་བདུན་པ་དང་བརྒྱད་པ་གཉིས་བར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་གནང་སོང་པ་དང་། སྐབས་དེ་དུས་གཡུ་ཐོག་གཟེངས་རྟགས་སྐབས་བདུན་པ་དེ་སྨན་པ་རྡོ་རྗེ་དགྲ་འདུལ་ལ་གནང་སོང་།


ཕྱི་ལོ་༢༠༢༦ ཟླ་༣ ཚེས་༤ ཉིན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་བདུན་པ་དང་བརྒྱད་པའི་བར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་གནང་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ཕེབས་ནས་གསུང་བཤད་གནང་སོང་བ་དང་། ཁོང་གིས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་གལ་གནད་དང་། བོད་ཀྱི་གསོ་བ་རིག་པ་ནི་བོད་ཀྱི་རིག་གནས་བཅུའི་ཁོངས་ནས་གཅིག་ཡིན་པས། བོད་པའི་གཞོན་སྐྱེས་ཚོས་དོ་སྣང་དང་འཛིན་སྐྱོང་བྱེད་དགོས་པ་སོགས་ཀྱི་སྐོར་བཀའ་སློབ་གནང་སོང་།
དེ་བཞིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་བདུན་པའི་ཚོགས་གཙོ་སྨན་པ་རྡོ་རྗེ་དགྲ་འདུལ་ནས་འདས་པའི་གསུམ་རིང་གི་ལས་བསྡོམས་སྙན་སྒྲོན་ཞུས་སོང་།
མཛད་སྒོའི་ཐོག་སྐབས་བདུན་པའི་གཡུ་ཐོག་གཟེངས་རྟགས་དེ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་བདུན་པའི་ཚོགས་གཙོ་སྨན་པ་རྡོ་རྗེ་དགྲ་འདུལ་ལ་གནང་སོང་། གཡུ་ཐོག་གཟེངས་རྟགས་ནི་ཐོག་མར་ཕྱི་ལོ་༢༠༠༩ ལོར་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ “བོད་ཀྱི་གསོ་བ་རིག་པའི་གཟེངས་ཐོན་མི་སྣར་འབུལ་རྒྱུའི་གཡུ་ཐོག་གཟེངས་རྟགས་ཀྱི་སྒྲིག་གཞི་” ཞེས་པ་གཏན་འབེབས་ཀྱིས་ལག་བསྟར་འགོ་བཙུགས་གནང་བ་ཞིག་ཡིན་འདུག
གཟེངས་རྟགས་དེ་འབུལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་གསོ་བ་རིག་པའི་ལས་དོན་ཐོག་བྱས་རྗེས་དམིགས་བསལ་ཡོད་མཁན་ངོས་འཛིན་བྱེད་པ་དང་། གསོ་བ་རིག་པའི་རྒྱུད་འཛིན་སྨན་པ་གཞན་རྣམས་ལ་མིག་དཔེ་བསྟན་ནས་སེམས་ཤུགས་སྐྱེད་པ། དེ་བཞིན་མང་ཚོགས་ནས་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་རྣམས་ཀྱི་ལྷག་བསམ་དང་འབད་བརྩོན་ཤེས་རྟོགས་ཡོང་ཆེད་ཡིན་འདུག གཟེངས་རྟགས་དེ་ལོ་གསུམ་རེའི་མཚམས་སུ་ཐེངས་རེ་འབུལ་གྱི་ཡོད་འདུག
གཡུ་ཐོག་གཟེངས་རྟགས་ཀྱི་འོས་འདེམས་བྱེད་ཕྱོགས་ནི། སྒྲིག་གཞི་ལྟར་ཐོག་མར་གསོ་བ་རིག་པའི་ལྷན་ཚོགས་ནས་ཚོགས་མི་ལྔ་ལས་གྲུབ་པའི་འདེམས་སྒྲུག་ཚོགས་ཆུང་ཞིག་ཟུར་འཛུགས་བྱས་ཏེ། ཚོགས་ཆུང་དེས་འོས་ཆོས་ཚང་བའི་འོས་མི་གསུམ་ནས་ལྔའི་བར་འདེམས་སྒྲུག་བྱས་རྗེས། འོས་མི་དེ་དག་གི་རྒྱབ་གཉེར་སྙན་ཐོ་དང་བཅས་ཏེ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་སྤྱི་མོས་སམ་མང་མོས་ཀྱིས་འོས་འདེམས་བྱེད་དགོས་ཀྱི་ཡོད་འདུག
གཡུ་ཐོག་གཟེངས་རྟགས་ཐེངས་དང་པོ་དེ་ཕྱི་ལོ་༢༠༡༠ ལོར་བླ་སྨན་བསྟན་འཛིན་ཆོས་གྲགས་ལ་ཕུལ་ཡོད་འདུག ད་ལོའི་གཟེངས་རྟགས་ཐེངས་བདུན་པ་དེ་སྨན་དགེ་རྡོ་རྗེ་དགྲ་འདུལ་ལ་གནང་སོང་།
སྨན་པ་རྡོ་རྗེ་དགྲ་འདུལ་ནི་རྒྱ་གར་བྱང་ཐང་ལ་དྭགས་སུ་ཕྱི་ལོ་༡༩༦༥ ལོར་སྐུ་འཁྲུངས་ཤིང་། ཆུང་དུས་གཞི་རིམ་སློབ་སྦྱོང་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭར་གནང་ཡོད་འདུག་ཅིང་། ཕྱི་ལོ་༡༩༨༨ ལོར་རྡ་སའི་བོད་ཀྱི་སྨན་རྩིས་ཁང་ནས་སྨན་པ་དཀའ་བཅུ་པའི་སློབ་ཐོན་གནང་རྗེས། སྨན་རྩིས་ཁང་གི་སྨན་སྦྱོར་སྡེ་ཚན་དུ་སྨན་སྦྱོར་སྨན་པ་དང་། སྨན་རྩིས་ཆེས་མཐོའི་ཚོགས་ཆུང་གི་ཚོགས་མི། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་དང་པོ་དང་དྲུག་པའི་རྒྱུན་ལས་ཚོགས་མི། སྐབས་བདུན་པའི་ཚོགས་གཞོན་དང་ཚོགས་གཙོའི་ཐུགས་འགན་བཞེས་ཡོད་འདུག དེ་བཞིན་ཝཱ་ཎ་རུ་ལོ་ངོ་ཉི་ཤུའི་རིང་གསོ་རིག་སྡེ་ཚན་གྱི་འགན་འཛིན་སོགས་མི་ལོ་སུམ་ཅུ་ལྷག་གི་རིང་ཤེས་ཡོན་སྡེ་ཁག་འདྲ་མིན་ནང་དགེ་རྒན་གྱི་ཕྱག་ལས་གནང་བ་མ་ཟད། ལས་ཞོར་དུ་གསོ་བ་རིག་པའི་རྒྱུད་བཞིའི་འགྲེལ་པ་དེབ་ཕྲེང་བཅུ་གཉིས་ཙམ་རྩོམ་སྒྲིག་དང་དཔར་སྐྲུན་ཞུས་ཡོད་འདུག
མཛད་སྒོའི་མཐའ་མར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་བརྒྱད་པའི་ཚོགས་མི་རྣམས་ཀྱི་མཚན་གཞུང་གསལ་བསྒྲགས་གནང་སོང་།
གསར་འགོད་པ། བསོད་ནམས་ཕུན་ཚོགས།