སྔ་འགྱུར་དབུ་འཛིན་དང་འབྲེལ་བའི་གསལ་བཤད་བཅུ་གཉིས་མ།


རྫ་ཚེ་རིང་བཀྲ་ཤིས།

ད་ལྟ་རང་དྲ་ལམ་ནས་རྗེ་རྫོང་སར་མཁྱེན་བརྩེ་དང་འབྲེལ་ཏེ་རྫ་ཚེ་སོགས་ཀྱི་ངན་ཇུས་གཏོར་བའི་གཏམ་ཞེས་པ་ཞིག་གཙུག་ལག་སྨྲ་སེང་ཞེས་པའི་མིང་ཐོག་ནས་བྲིས་པ་མཐོང་བས་གསལ་བཤད་ཕྲན་བུ་ཞིག་ཞུ་འདོད་བྱུང་།
 ལར་གསལ་བཤད་འགའ་ཞིག་ནི་རང་ངོས་ནས་འགན་ཁུར་སྟངས་ཤིག་ལས་ཕ་རོལ་པོས་ངོས་ལེན་དང་ཡིད་ཆེས་ཡོང་བ་ཁོ་ནའི་ཆེད་མིན་མོད། ད་ཐེངས་ཀྱི་གླེང་གཞི་འདི་ལ་དོ་སྣང་ཡོད་མཁན་ཚོར་དོགས་སློང་དང་། དཔྱད་གཞིའི་ས་བོན་ཙམ་དུ་དམིགས་པ་ནི་ཡིན་ཆོག །

གཅིག །༽  ངས་སྔ་འགྱུར་རྙིང་མའི་དྲ་ཚོམས་སུ་སྔ་འགྱུར་རྙིང་མའི་ཁྲི་འཛིན་དང་འབྲེལ་བའི་བསམ་ཚུལ་དེ་མ་བཤད་སྔོན་ལ་བོད་གཞིས་བྱེས་ཀྱི་བླ་ཆེན་སུ་གཅིག་ལའང་ངའི་ངོས་ནས་དེའི་སྐོར་བསམ་ཚུལ་ཙམ་ཡང་བཤད་མེད།

གཉིས། ༽   མཁྱེན་བརྩེ་རིན་པོ་ཆེའི་གསུང་ཕྱི་ལ་ཁྱབ་བཞིན་པ་དེ་ངས་ཞུས་པ་ཞིག་མིན་པར་མ་ཟད། ང་སྒེར་ལ་གནང་བ་ཞིག་ཀྱང་མིན། ཁོང་གིས་སུ་ལ་གནང་བ་ཡིན་ད་ལྟའང་ངའི་ངོས་ནས་ཤེས་རྟོགས་གཏན་ནས་མེད།
གསུམ། ༽   ལར་ངས་རིན་པོ་ཆེར་བློ་ཕུད་པའམ་སྐུལ་མ་ཞུས་ནས་རིན་པོ་ཆེར་དགོངས་པ་འཁྲུངས་པ་ཞིག་མིན་པར། སྤྱི་ལོ་༢༠༢༠ ལོར་རིན་པོ་ཆེ་རང་གིས་དེའི་ཐད་དགོངས་ཚུལ་གཏིང་ཚུགས་པ་འཁྲུངས་ཡོད་པ་དེ་དབྱིན་ཇིའི་རྩོམ་ཡིག་དེར་གསལ་བས། དེ་རིང་ཆེད་དུ་བོད་བསྒྱུར་གྱིས་སྤྱན་འབུལ་ཞུས་ཡོད།  འདིས་རྣམ་པ་ཚོས་མཁྱེན་བརྩེ་རིན་པོ་ཆེའི་དགོངས་གཞི་དངོས་དེ་རྟོགས་ཐུབ་པའི་ཡིད་ཆེས་ཡོད།
བཞི། ༽   ལར་རིན་པོ་ཆེ་ནི་འཁོར་དང་གང་ཟག་གཞན་གྱིས་དབང་བསྒྱུར་འོག་འགྲོ་ཐུབ་མཁན་ཞིག་མ་རེད་ལ། གལ་ཏེ་འགྲོ་སྲིད་པའི་དབང་དུ་བཏང་ཡང་ང་ལྟ་བུ་ཞིག་གི་ཇུས་འོག་ཏུ་འགྲོ་མཁན་ཞིག་ཡིན་མི་སྲིད་པས། དོན་ལ་མཁྱེན་བརྩེ་རིན་པོ་ཆེར་མཚན་སྨོད་ཆེན་པོ་ཞིག་དང་། ངའི་འཇོན་ཐང་ལ་བསྔགས་པ་ཆེན་པོ་ཞིག་བྱས་པ་ལྟར་ཕྱིན་པ་ནི། བསྟོད་མི་ཤེས་པས་བསྟོད་པ་དང་སྨོད་མི་ཤེས་པས་སྨད་པ་ཞེས་པའི་དཔེར་སོང་འདུག་མོད། སྐབས་དོན་མིན་པས་བཞག །

ལྔ། ༽   དེ་ཡང་མཆོག་སྤྲུལ་རྙིང་མའི་ཁྲི་འཛིན་མངའ་གསོལ་གྱི་ཁྱབ་བསྒྲགས་དེ་ཐའེ་ཝན་གྱི་ཁོང་སྒེར་གྱི་ཆོས་ཚོགས་ཀྱིས་རང་འཚམ་གྱིས་བྱས་པ་ཞིག་རེད། ཡིན་ན་ཡང་། རྒྱ་ཡིག་གི་ཁྱབ་བསྒྲགས་སུ་མ་དགོན་དྲུག་ཡན་ལག་དང་བཅས་པ་དེ་ལས་གཞན་པ་མང་པོའི་རེ་བ་དང་གསོལ་འདེབས་བྱས་ནས་ཁས་ལེན་བྱས་པ་ཡིན་པར་འཁོད་ཡོད། དོན་དངོས་ཐོག་ད་བར་ཁོང་ལ་ཁྲི་པ་གནང་རྒྱུའི་གསོལ་འདེབས་ཞུས་པའི་ཡི་གེ་སྣ་ཁ་གཅིག་ཀྱང་སྟོན་རྒྱུ་བྱུང་མེད།

དྲུག །༽  མ་དགོན་དྲུག་མ་ཟད། གཞིས་བྱེས་ཀྱི་དཔལ་ཡུལ་མ་དགོན་དང་། རྣམ་གྲོལ་གླིང་དར་ཐང་དགོན་པ་བཅས་ཀྱིས་གཞུང་དང་བསྟན་བདག་རྣམ་པས་གཞུང་འབྲེལ་གྱིས་གསོལ་འདེབས་དང་ངོས་ལེན་ཡོད་པའི་འཚམས་འདྲིའི་ཡི་གེ་གཅིག་ཀྱང་ད་བར་སྟོན་རྒྱུ་མེད།

བདུན། ༽   འཚམས་འདྲི་དང་འབྲེལ་བའི་ཡི་གེ་གསུམ་བཞི་ཞིག་ཡོད་པ་དེའང་། ཁོང་གིས་རྙིང་མའི་དབུ་འཛིན་བྱེད་རྒྱུའི་ཐག་གཅོད་ཁྱབ་བསྒྲགས་དེ་སྤྱི་ཟླ་༡༠ ཚེས་༢༤ ལ་ངོ་དེབ་བརྒྱུད་རྗེས་ཀྱི་ཉིན་ལྔ་ནས་བཅུའི་ནང་གཞི་ནས་བྲིས་པ་ཡིན་པ་ཡི་གེ་སོ་སོའི་འོག་ཏུ་ཡོད།

བདུན། ༽     མཆོག་སྤྲུལ་གྱིས་དྲ་ཚོམས་ནང་གསལ་བཤད་སྐབས། སྔ་འགྱུར་རྙིང་མའི་རྡོར་གདན་སྨོན་ལམ་གྱི་ཐག་གཅོད་ཡག་པོ་མིན་པ་དང་། ཁོང་ཚོ་ཁྲི་ལ་མ་བསྡད་པ་འཆི་རྒྱུར་ཞེད་ནས་ཡིན་པ་སོགས་ཀྱིས་ཁ་གཏད་དུ་ལངས་པ་ཡིན་ཚུལ་བཤད་ཀྱི་ཡོད།

བརྒྱད། ༽   སྤྱི་ལོ་༢༠༢༠ ལོའི་ ༢ ཚེས་ ༣ ཉིན་༼སྔ་འགྱུར་རྡོར་གདན་སྨོན་ལམ་ཚོགས་ཆེན་༽༽༽༽༽གྱིས་གཞུང་འབྲེལ་གྱིས་༧ཞེ་ཆེན་རབ་འབྱམས་རིན་པོ་ཆེའི་དགོངས་པ་ལྟར་སྨོན་ལམ་ཆེན་མོའི་རྒྱུན་ལས་ལྷན་ཚོགས་ཀྱིས་སྤྱི་མོས་ཐག་གཅོད་ཐོག་དབུ་འཛིན་བསྐོ་མི་དགོས་པ་བྱས་ཡོད། ཡིག་ཆ་དེ་ད་ལྟའང་ཁྲིམས་མཐུན་དུ་གནས་མུས་ཡིན།

དགུ །༽   སྔར་གྱི་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་དང་། ༧འཁྲུལ་ཞིག་རིན་པོ་ཆེ། ༧དགེ་རྩེ་རིན་པོ་ཆེ་སོགས་ཚང་མ་དངོས་ཤུགས་བརྒྱུད་གསུམ་ནས་ཚོགས་པ་འདི་བརྒྱུད་ནས་གསོལ་འདེབས་དང་བསྐོ་བཞག་ཞུས་པ་དང་། ཞལ་བཞེས་གནང་མིན་ལ་མ་ལྟོས་པར་༧རྡོ་གྲུབ་རིན་པོ་ཆེ་དང་། ༧རྫོགས་ཆེན་རིན་པོ་ཆེ་སོགས་ཀྱི་མདུན་དུ་བཅར་མཁན་ཡང་གཙོ་བོ་ཁོང་རྣམ་པ་ཡིན། དེས་ན་ཁོང་རྣམ་པ་ནི་ལམ་ལུགས་འདིའི་ཁྲིམས་མཐུན་གྱི་མགྲིན་ཚབ་པ་ཉག་གཅིག་ཡིན།
བཅུ། ༽  གལ་ཏེ་ཅིས་ཀྱང་བསྐོ་དགོས་པའི་དབང་དུ་བཏང་ཡང་། མ་མཐའ་ཡང་རྒྱ་བལ་འབྲུག་གསུམ་གྱི་མ་དགོན་དྲུག་སོགས་ཀྱི་གནད་ཡོད་སྐུ་ཚབ་ཀྱིས་གསོལ་འདེབས་ཞུས་པ་ཞིག་དང་། ས་གནས་ཀྱང་རྒྱ་བལ་འབྲུག་གསུམ་སོགས་སྔ་འགྱུར་གྱི་རྗེས་འཇུག་པ་མང་པོ་ཡོད་པའི་ས་གནས་ཤིག་ནས་ཁྲི་འདོན་དགོས་པ་ལས། མཆོག་སྤྲུལ་གྱི་གྲོགས་པོ་གླིང་ཚང་རྒྱལ་སྲས་ཀྱིས་འཚམས་འདྲིའི་ཡི་གེར་དངོས་སུ་བྲིས་པ་ལྟར། དཔལ་ཡུལ་དར་ཐང་ཆོས་ཚོགས་ནས་མཆོག་སྤྲུལ་རིན་པོ་ཆེ་སྔ་འགྱུར་རྙིང་མའི་དབུ་འཛིན་དུ་བསྐོས་པ་ཞེས་པ་ནི་ཡེ་ཤེས་འཁོར་ལོའི་ཆོས་ཚོགས་ཀྱིས་རྫ་ཚེ་རིང་བཀྲ་ཤིས་ནང་པ་སྤྱིའི་དབུ་ཁྲིད་དུ་བསྐོས་པ་ཞེས་པ་དང་གཅིག་པ་གཅིག་རྐྱང་ཡིན་པས་ཕྲུ་གུའི་རྩེད་མོ་འབའ་ཞིག་ལས་མ་འདས།

བཅུ་གཅིག །ད་དུང་ཁོང་ལ་ད་བར་རག་ཡོད་པའི་ཡི་གེ་དག་རག་པའི་བརྒྱུད་རིམ་རྒྱབ་ལྗོངས། འབྲེལ་ལམ་སོགས་མང་ཙམ་བཤད་དུ་ཡོད་མོད། རེ་ཞིག་དེ་ཙམ་གྱིས་ཆོག །

བཅུ་གཉིས། གཞན་གྲྭ་པ་ལོག་མིན། སྡུག་ཐུག་སྔགས་པ་ཡིན་མིན། ཁ་སོས་མིན། སྤྱི་ཆུས་ལ་ཁུར་ཐང་ཡོད་མིན་སོགས་ཀྱི་ཐད་ལ་སྐབས་དོན་དང་མ་འབྲེལ་བའི་བཀའ་བཀྱོན་མང་ཙམ་གནང་འདུག་པ་དག་ལ་ལན་མེད།

མཇུག་ཏུ། གོང་གི་གསལ་བཤད་འདི་དག་ཀྱང་ད་ཐེངས་ཀྱི་གླེང་གཞི་འདི་དང་འབྲེལ་བའི་བསམ་གཞིག་གི་རྒྱུ་ཆ་གལ་ཆེན་ཡིན་པས་ཚང་མས་དཔྱད་གཞིར་འཛིན་པར་ཞུ།

རྫོགས་སོ། །

རྫ་ཚེ་རིང་བཀྲ་ཤིས་ཀྱིས་རི་སྔོན་པོའི་རང་གནས་ནས་སྤྱི་ལོ་༢༠༢༣ ཟླ་ ༡༡ ཚེས་ ༡༣ གྱི་ཕྱི་དྲོ། འཐེན་ཐུག་སྔུན་དུ་བསླེབས་པས་འཐུང་འདོད་ཀྱིས་འགྲམ་ཆུ་ལྡང་ཞོར་མགྱོགས་སྟབས་སུ་བྲིས་སོ། །

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||