སྣར་ཐང་དཔར་ཁང་རྒྱུན་མཐུད་ཉར་དགོས་པའི་གྲོས་ཆོད།

ཟླ་འདིའི་ཚེས་༣༡ ཉིན་ཏེ། དྷ་སའི་གངས་སྐྱིད་གྲོས་ཚོགས་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་༣ པའི་ཉིན་མཐའ་མའི་ཉིན། སྣར་ཐང་དཔར་ཁང་བཀའ་ཤག་གསར་པས་སྒོ་རྒྱག་འཆར་ཡོད་པ་དེའི་ཐོག རྒྱུན་མཐུད་ཉར་དགོས་པའི་གཞུང་འབྲེལ་གྲོས་འཆར་ཞིག་སྤྱི་འཐུས་རྒྱུན་ལས་ནས་བཏོན་ཡོད་པ་དང་། གྲོས་འཆར་ལ་དགག་པ་རྒྱག་མཁན་སྤྱི་འཐུས་༡༢ དང་རྒྱབ་སྐྱོར་བྱེད་མཁན་སྤྱི་འཐུས་༡༦ བྱུང་ནས་མུ་མཐུད་བདག་ཉར་བེད་སྤྱོད་དགོས་པའི་མང་མོས་གྲོས་ཆོད་བཞག་ཡོད་པ་རེད།

གྲོས་ཆོད་ཀྱི་སྔོན་གླེང་ནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ ༣ པ་རྩིས་ལོ་ ༢༠༢༢ ་་ ༢༠༢༣ ལོའི་སྔོན་རྩིས་དང་འབྲེལ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་གཏམ་བཤད་ནང་ “ད་ལྟའི་ཆར་ཕྱི་དྲིལ་ཁྱབ་ཁོངས་སྣར་ཐང་དཔར་ཁང་གི་འགྲོ་གྲོན་དང་གྲུབ་འབྲས་གོ་མ་མཚུངས་པས་ཕྱི་དྲིལ་སྣར་ཐང་དཔར་ཁང་རིང་མིན་སྒོ་བརྒྱབ་རྒྱུ་ཡིན་པས་ལས་ཁུངས་ཁག་གི་སྔོན་རྩིས་འཆར་འབུལ་ཡིག་ཆ་དཔར་གྲོན་ལ་སྤར་ཆ་ཇི་འོས་རྒྱབ་གཉེར་ཞུས་ཡོད།”ཅེས་འཁོད་པའི་ཐོག་བགྲོ་གླེང་དང་ལན་འདེབས་གསལ་བཤད་བཅས་དང་འབྲེལ་ཕྱི་དྲིལ་སྣར་ཐང་པར་ཁང་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གྱི་དཔེ་དེབ་དང་། དུས་དེབ། གསར་ཤོག འཛིན་ཤོག་ཁག་པར་སྐྲུན་བྱ་སའི་པར་ཁང་གཅིག་པོ་དེ་ཡིན་པའི་གལ་གནད་ལ་བརྟེན་མུ་མཐུད་གནས་དགོས་པ་དང་། བོད་མིའི་སྒྲིག་འཛུགས་འདི་ཉིད་ཕྱོགས་གང་ཐད་ནས་རང་སྐྱ་འཕེར་བ་ཞིག་ཡོང་ཐབས་དགོས་པ་དེ་གལ་ཆེན་པོ་ཡིན་པས་གཞུང་འབྲེལ་གྱི་དཔེ་དེབ་དང་། གསར་ཤོག འཛིན་ཤོག ཡིག་ཆའི་རིགས་པར་སྐྲུན་དགོས་པ་མང་དག་ཅིག་ཡོད་པ་དེ་དག་ཚང་མ་པར་ཁང་གཞན་ནས་པར་འདེབས་བྱ་དགོས་པ་ཆགས་ན་ད་ལྟ་ལས་ཀྱང་འགྲོ་སོང་ཆེ་བ་དང་། དུས་འགོར་སོགས་སྟབས་བདེ་མེད་པ་ཞིག་ཏུ་འགྱུར་ངེས་ལ་སོང་། ཕྱི་དྲིལ་སྣར་ཐང་པར་ཁང་ཡར་རྒྱས་ཚགས་ཚུད་དུ་བཏང་ནས་མུ་མཐུད་རྒྱུན་གནས་ཐུབ་པ་དགོས་རྒྱུ་གལ་ཆེན་པོར་གྱུར་ཡོད་ཅེས་དང་། པར་ཁང་ལོ་བྱུང་རིམ་ལོ་རྒྱུས་དང་། མ་འོངས་དགོས་མཁོའི་སྐོར་སོགས་འཁོད་འདུག

གྲོས་ཆོད་ནང་ “བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སྣར་ཐང་པར་ཁང་དེ་ཉིད་སྒོ་རྒྱག་མི་དགོས་པར། པར་སྐྲུན་ལས་རིགས་དང་འབྲེལ་བའི་ཆེད་ལས་མི་སྣ་གསོ་སྐྱོང་དང་། ཕྱོགས་ཡོངས་ནས་ལས་དོན་ཚགས་ཚུད་ཡོང་ཐབས་དགོས་”ཞེས་མང་མོས་གྲོས་ཆོད་བཞག་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།