སྤྱི་མཐུན་ཚོགས་པའི་གནད་ཡོད་མི་སྣ་ཚོས་རྗོ་བྷའེ་ཌན་ལ་གཞི་ནས་འཚམས་འདྲི་བྱས་འདུག 

ཨ་རིའི་འོས་བསྡུ་ལྷན་ཚོགས་ཀྱིས་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་རྗོ་བྷའེ་ཌན་ལ་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་པ་དངོས་སུ་གསལ་བསྒྲགས་བྱས་རྗེས། ལས་ཁུར་སྲིད་འཛིན་ཌོ་ལན་ཊོམ་མ་རྩིས་པའི་སྤྱི་མཐུན་ཚོགས་པའི་གནད་ཡོད་མི་སྣ་གཙོ་བོ་ཞིག་དང་གཞན་ཁག་ཅིག་གིས་བྷའེ་ཌན་ལ་གཞི་ནས་འཚམས་འདྲི་བྱས་འདུག དེ་བཞིན་ཨུ་རུ་སུ་སོགས་ཀྱིས་ཀྱང་གཞི་ནས་འཚམས་འདྲི་བྱས་ཡོད་འདུག 

ཟླ་༡༢ པའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་སྲིད་འཛིན་འོས་བསྡུར་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་རྗོ་བྷའེ་ཌན་ལ་རྒྱལ་ཁ་ཐོབ་ཡོད་པའི་ཚོད་དཔག་བྱས་ནས་ཉིན་གྲངས་༣༨ སོང་བའི་རྗེས་སུ། སྤྱི་མཐུན་ཚོགས་པའི་འགོ་ཁྲིད་དང་གནད་ཡོད་མི་སྣ་གལ་ཆེ་ཤོས་གྲས་སུ་ཡིན་པ། གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་མཱི་ཆེ་མེག་ཁོ་ནེལ་(Mitch McConnell) གྱིས་འདེམས་ཐོན་སྲིད་འཛིན་ལ་གཞི་ནས་འཚམས་འདྲི་ཞུས་འདུག འཚམས་འདྲི་དེ་ཡང་ཚེས་༡༤ ཉིན་ཨ་རིའི་འོས་བསྡུ་ལྷན་ཚོགས་ཀྱིས་འོས་བསྡུ་ལྷན་ཚོགས་ཀྱི་འོས་གྲངས་༣༠༦ རྗོ་བྷེ་ཌན་ལ་ཐོབ་ཡོད་པ་དང་། ལས་ཁུར་སྲིད་འཛིན་ཌོ་ནལ་ཊོམ་ལ་འོས་གྲངས་༢༣༢ ཐོབ་ཡོད་པ་དངོས་སུ་འོས་འཕེན་གསལ་བསྒྲགས་བྱས་རྗེས་སུ་བྱུང་བ་རེད་འདུག 

མཱི་ཆེ་མེག་ཁོ་ནེལ་གྱིས་ཚེས་༡༤ ཉིན་ཨ་རིའི་མངའ་སྡེ་༥༠ ཚང་མའི་ནང་དུ་འོས་བསྡུ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་འཛོམས་ཡོད་པ་དང་། ཚེས་༡༥ ཉིན་གཞུང་འབྲེལ་ཐོག་ནས་ཨ་རིའི་འདེམས་ཐོན་སྲིད་འཛིན་དང་སྲིད་འཛིན་གཞོན་པ་གཉིས་དངོས་སུ་གསལ་བསྒྲགས་བྱས། ཁོང་ཚོ་མང་པོ་ཞིག་གིས་སྲིད་འཛིན་འོས་བསྡུར་གྲུབ་འབྲས་འདི་དང་མི་འདྲ་བ་ཞིག་ཡོང་བར་རེ་བ་བྱས་ཡོད་ཀྱང་། ཨ་རིའི་གཞུང་འཛིན་ལམ་ལུགས་ལ་སུས་སྲིད་འཛིན་དམ་འབུལ་བྱེད་པར་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཡོད་པས། འོས་བསྡུ་ལྷན་ཚོགས་ནས་ཁ་གྲགས་ཟིན་ཡོད་པས། ཁོང་གིས་རྗོ་བྷེ་ཌན་ལ་འཚམས་འདྲི་ཞུ་རྒྱུ་དང་། དེ་བཞིན་བུད་མེད་ཀྱི་སྲིད་འཛིན་གཞོན་པ་ཞིག་ཐོག་མར་འདེམས་ཐོན་བྱུང་བ་དེར་ཨ་རིའི་མི་སེར་ཚང་མས་དགའ་བསུ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག གྲོས་ཚོགས་གོང་མའི་འཐུས་མི་ཁོང་ནི་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་རྙིང་གྲས་དང་ཤུགས་རྐྱེན་ཆེ་ཤོས་གྲས་སུ་ངོས་འཛིན་བྱེད་ཀྱི་ཡོད་པས། ཐེངས་འདིར་ཁོང་གིས་རྗོ་བྷའེ་ཌན་ལ་འཚམས་འདྲི་ཞུས་ཟིན་ཡང་། སྲིད་འཛིན་ཊོམ་གྱིས་མུ་མཐུད་ནས་འོས་བསྡུ་དྲང་བདེན་བྱུང་མེད་སྐོར་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ་འབྲི་བཞིན་འདུག ཁོང་གི་རྒྱབ་སྐྱོར་བ་མང་པོ་ཞིག་གིས་ཁྲོམ་སྐོར་ལས་འགུལ་སྤེལ་ནས་འོས་བསྡུ་བསྐྱར་དུ་བྱེད་དགོས་སྐོར་བརྗོད་བཞིན་འདུག ལས་འགུལ་འདི་རིགས་ལ་སྐབས་རེ་དྲག་པོའི་གནད་དོན་ལྷག་ནས་ཉེན་རྟོག་པས་མི་ཁག་ཅིག་འཛིན་བཟུང་བྱས་པ་ཡང་བྱུང་འདུག 

དེ་སྔོན་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་མང་པོས་རྗོ་བྷའེ་ཌན་ལ་འཚམས་འདྲི་ཞུས་ཟིན་ཡང་། ཨུ་རུ་སུ་དང་བྷེ་ར་ཛེལ། དེ་བཞིན་མེག་སི་ཀོ་བཅས་ནས་འཚམས་འདྲི་ཞུས་མེད་ཀྱང་། ཐེངས་འདིར་གཞི་ནས་འཚམས་འདྲི་ཞུས་ཡོད་འདུག 

འདེམས་ཐོན་སྲིད་འཛིན་རྗོ་བྷའེ་ཌན་གྱིས་གསར་འགོད་པ་ཚོར། ཁོང་གིས་གྲོས་ཚོགས་གོང་མའི་འཐུས་མི་མཱི་ཆེ་མེག་ཁོ་ནེལ་ལ་ཁ་པར་བཏང་ནས་བཀའ་དྲིན་ཆེ་ཞུས་ཡོད་པ་དང་། ཁོང་གཉིས་བར་གནད་དོན་མང་པོ་ཞིག་ཐོག་བསམ་ཚུལ་མི་མཐུན་པ་ཡོད་ཀྱང་། མཉམ་ལས་ཐོག་ནས་ལས་དོན་བྱེད་ཐུབ་པའི་གནད་དོན་ཡང་མང་པོ་ཡོད་སྐོར་བརྗོད་ཚུལ་བསྒྲགས་འདུག རྗོ་བྷའེ་ཌན་གྱི་ལས་དོན་མང་པོ་ཞིག་དངོས་སུ་ལག་བསྟར་ཡོང་བར་གྲོས་ཚོགས་གོང་མ་ནས་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་པས། སྤྱི་མཐུན་ཚོགས་པའི་འགོ་ཁྲིད་དང་འབྲེལ་བ་ཡག་པོ་ཡོང་དགོས་རྒྱུ་གནད་འགག་ཆགས་ཡོད་པ་རེད།

སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་རྗོ་བྷའེ་ཌན་ལ་འཚམས་འདྲི་ཞུས་ཟིན་ཡང་། མང་པོ་ཞིག་གིས་ད་དུང་ཡང་འཚམས་འདྲི་བྱས་མེད་འདུག བརྒྱུད་ལམ་ཁག་ཏུ་དེའི་རྒྱུ་མཚན་ནི་གྲོས་ཚོགས་འཐུས་མི་དེ་དག་འདེམས་ཐོན་བྱུང་ཡུལ་གྱི་ཁུལ་དུ་སྲིད་འཛིན་ཊོམ་ལ་རྒྱབ་སྐྱོར་བྱེད་མཁན་ཤུགས་ཆེན་ཡོད་པས། དེ་དག་ལ་ཕོག་ཐུག་མ་བཏང་ནས་མ་འོངས་པར་འོས་ཤོག་མི་བརླག་པའི་ཆེད་དུ་ཡིན་སྐོར་བརྗོད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།