སྤྱི་ཚོགས་དྲ་ལམ་ཐོག་གི་བྱ་སྤྱོད་ལ་བརྟེན་ནས་ཧོང་ཀོང་ནང་སློབ་མ་བཞི་འཛིན་བཟུང་བྱས་འདུག 

ཧོང་ཀོང་ནང་གྲོས་ཚོགས་འོས་བསྡུ་སླེབས་ལ་ཉེ་བ་དང་བསྟུན། མང་གཙོ་དོན་གཉེར་བ་དང་རང་བཙན་ལངས་ཕྱོགས་འཛིན་མཁན་སློབ་མ་བཞི། ཁ་བྲལ་རིང་ལུགས་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས་འདུག 

ཟླ་༧ པའི་ཚེས་༣༠ ཉིན་ཧོང་ཀོང་ཉེན་རྟོག་པས་སློབ་མ་རང་ལོ་༡༦ ནས་༢༡ བར་བྱས་པ་བཞི་འཛིན་བཟུང་བྱས་འདུག་པ་དང་། གསར་འགོད་ལྷན་ཚོགས་ཐོག་ཏུ་ཉེན་རྟོག་པའི་མགྲིན་ཚབ་པས། སློབ་མ་དེ་དག་གི་ཚོགས་པས་སྤྱི་ཚོགས་དྲ་ལམ་ཐོག་ཏུ་ཧོང་ཀོང་རང་བཙན་རྩོད་མཁན་གྱི་ཚོགས་པ་གསར་འཛུགས་བྱེད་པར་རྒྱབ་སྐྱོར་བྱེད་པའི་གནས་ཚུལ་སྤེལ་ཡོད་པ་དང་། ཁོང་ཚོས་དྲ་ཐོག་ཏུ་ཁྲིམས་འགལ་བྱ་སྤྱོད་སྤེལ་ཡོད་པས་ཁྲིམས་ལུགས་ལག་བསྟར་བྱེད་དགོས་བྱུང་བ། དྲ་ཐོག་ཏུ་ནག་ཉེས་བསགས་ཚེ་ཐར་ཐབས་ཡོད་དྲན་མི་རུང་སྐོར་བརྗོད་འདུག 

དེ་ཡང་འཛིན་བཟུང་བྱུང་བའི་སློབ་མ་དེ་དག་ནི་ཧོང་ཀོང་གི་རང་བཙན་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་སློབ་མའི་སྲིད་དོན་ཚོགས་པ་ཞིག་ཡིན་འདུག་པ་དང་། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དུ་བཙན་དབང་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱེད་འགོ་བཙུགས་རྗེས།  སྲིད་དོན་པ་ཁག་ཅིག་དང་ལྷན་དུ་སློབ་མའི་ཚོགས་པ་དེས་ཀྱང་། ཧོང་ཀོང་ནང་དུ་ཚོགས་པ་དེ་སྒོ་རྒྱག་རྒྱུའི་གསལ་བསྒྲགས་བྱས་འདུག འོན་ཀྱང་ཚོགས་པ་དེའི་སྤྱི་ཚོགས་དྲ་ལམ་ཐོག་གི་དྲ་ཁང་སྒོ་བརྒྱབ་མེད་པས། ཚེས་༢༦ ཉིན་ཚོགས་པ་དེས་སྤྱི་ཚོགས་དྲ་ལམ་ཐོག་ཏུ་རྒྱ་ནག་གི་རྒྱལ་ཞེན་རིང་ལུགས་ལ་ཁ་གཏད་གཅོག ཧོང་ཀོང་གི་རྒྱལ་ཞེན་རིང་ལུགས་གོང་འཕེལ་གཏོང་ཞེས་པ་བྲིས་ནས། ཨ་རིའི་ནང་ཚོགས་པ་དེའི་ཡན་ལག་ཚོགས་པའི་ངོ་དེབ་ཀྱི་ཤོག་ངོས་དང་ཚོགས་མི་འདུ་སྐོང་བྱེད་པའི་འགེངས་ཤོག་གི་དྲ་ཐག་བཀོད་ཡོད་འདུག ཚོགས་པ་དེའི་ཨ་རིའི་ཡན་ལག་གི་ངོ་དེབ་སྟེང་དུ་ཚོགས་པ་དེས་ཧོང་ཀོང་མི་མང་གི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་བསྐྱར་ལེན་བྱས་ནས། རང་བཙན་རྩོད་པའི་ལམ་ལ་འགྲོ་བར་འབད་བརྩོན་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་བརྗོད་ཡོད་འདུག 

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་གི་འགན་འཛིན་གྱིས། འཛིན་བཟུང་དེ་དག་ནི་གདུག་རྩིབ་ཅན་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ཟེར་བ་ལོག་སྤྱོད་བྱས་པ་ཡིན་པ་དང་། དེའི་དམིགས་ཡུལ་ནི་བསམ་ཚུལ་མི་འདྲ་བ་འཛིན་མཁན་ཚོར་དྲག་གནོན་བྱེད་རྒྱུ་ཡིན་པ་ལས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཆེད་མིན་སྐོར་བརྗོད་འདུག 

འཛིན་བཟུང་བྱུང་བའི་སློབ་མ་བཞི་ལས་གསུམ་སྐྱེས་པ་དང་གཅིག་བུད་མེད་ཡིན་འདུག ཉེན་རྟོག་པས་ཁོང་བཞི་པོར་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལས་དོན་ཚན་༢༠ དང་༢༡ འོག་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། དེ་གཉིས་ཀ་ཁ་བྲལ་རིང་ལུགས་དང་འབྲེལ་བ་ཡོད་འདུག གལ་ཏེ་ཉེས་པ་ཚབས་ཆེན་བསགས་ཚེ་ཉུང་མཐར་ལོ་༡༠ བཙོན་འཇུག་ནས་ཚེ་བཙོན་གྱི་ཉེས་ཆད་འཕོག་སྲིད་པ་དང་། ཁྲིམས་ཐག་ཡང་བ་བཅད་ཚེ་ལོ་༣ ནས་༡༠ བར་གྱི་བཙོན་འཇུག་བྱེད་སྲིད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།