སྤྱི་འཐུས་གྲོས་ཚོགས་སུ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་གལ་ཆེན་གཉིས་གཏན་འབེབས་གནང་ཐུབ་མ་སོང་།
ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༥ ནས་བོད་མི་མང་སྤྱི་འཐུས་སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་ལྔ་པ་འཚོགས་བཞིན་ཡོད་པ་ལྟར། ཟླ་འདིའི་ཚེས་༢༢ ཉིན་གྱི་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་བདུན་པ་ཚོགས་གནང་ཞིང་།
སྐབས་དེར་གཞུང་འབྲེལ་ཡིག་ཆ་ཨང་༡༩ པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས། དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཞེས་པའི་ནང་གསེས་༢ པའི་ཐོག་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་འཛིན་སྐྱོང་བཀའ་ཤག་གིས་བཏོན་གནང་བར་དང། དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། གཞུང་འབྲེལ་ཡིག་ཆ་ཨང་ ༢༠ པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས། དོན་ཚན་ཉེར་ལྔ་པ། སྲིད་སྐྱོང་དང་། བཀའ་བློན་རྣམ་པའི་ལས་འཁུར་དམ་འཇོག་ཅེས་པ་དང་། དོན་ཚན་ཞེ་ལྔ་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ་ཞེས་པའི་འི་ནང་གསེས་ ༢ པ། དོན་ཚན་ཞེ་བདུན་པ། སྤྱི་འཐུས་ཀྱི་དམ་འབུལ། དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཞེས་པའི་ནང་གསེས་ ༣ པ། དོན་ཚན་གོ་བདུན་པ། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་། འགན་དབང་ཞེས་པའི་ནང་གསེས་ ༢ པ། དོན་ཚན་བརྒྱ་དང་གཅིག འདེམས་བསྐོ་ལྷན་ཁང་གི་སྒྲིག་འཛུགས་ཞེས་པའི་ནང་གསེས་༣ པ། དོན་ཚན་བརྒྱ་དང་བདུན་པ། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་སྒྲིག་འཛུགས་ཞེས་པའི་ནང་གསེས་ ༢ པ་བཅས་ཀྱི་ཐོག་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་སྤྱི་འཐུས་རྒྱུན་ལས་ཀྱིས་བཏོན་གནང་བར། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་རྒྱབ་སྐྱོར་གནང་།
ཟླ་འདིའི་ཚེས་༢༣ ཉིན་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༥ པ། ལས་ཉིན་༨ པའི་ཚོགས་ཐུན་༣ པའི་ཐོག་གོང་གསལ་གཞུང་འབྲེལ་བཅའ་ཁྲིམས་བཅའ་བཅོས་ཀྱི་ཁྲིམས་འཆར་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་རིམ་པ་བྱས་ཀྱང་མཐའ་ཁྲིམས་འཆར་དེ་གཉིས་ལ་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་མ་ལོན་པར་བརྟེན། ཁྲིམས་འཆར་དེ་གཉིས་ཀ་གཏན་འབེབས་བྱས་མ་ཐུབ་ལྷག་སོང་།
ལོ་འདིའི་ཕྱི་ཟླ་༥ པའི་ནང་སྤྱི་ཁྱབ་རྩིས་ཞིབ་པ་ལས་ཡུན་རྫོགས་ཀྱི་ཡོད་པ་དང་། ད་ལྟའི་ཆར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་ཞིབ་པ་ཆེ་བ་མེད་པའི་ཁར། དེའི་ལས་ཚབ་ཀྱང་ལོ་འདིའི་ཕྱི་ཟླ་༦ པའི་ནང་ལས་ཡུན་རྫོགས་ཀྱི་ཡོད་པར་བརྟེན། མ་འོངས་ཟླ་བ་ཁ་ཤས་ནང་ཁྲིམས་ཞིབ་པ་འདེམས་མ་ཐུབ་པ་དང་སྤྱི་ཁྱབ་རྩིས་ཞིབ་པ་བདམས་རུང་དམ་འབུལ་ཞུ་ས་མེད་པ་སོགས་ཀྱི་དཀའ་ངལ་འཕྲད་ངེས་རེད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།