སྤྱི་འཐུས་ཚོགས་གཙོས་ཚ་བ་དབུས་རྒྱུན་གྱི་སྤྱི་ཁང་དབུ་འབྱེད་གནང་སོང་།

ཟླ་འདིའི་ཕྱི་ཚེས་༡ ཉིན་གྱི་སྔ་དྲོར་ཚ་བ་སྐྱིད་སྡུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་སྤྱི་ཁང་དང་ལས་ཁུངས་གསར་རྒྱག་ལེགས་གྲུབ་བྱུང་ནས། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་དབུ་འབྱེད་གནང་སོང་།

དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་། དམིགས་བསལ་སྐུ་མགྲོན་སྤྱི་འཐུས་བློ་བཟང་ཡེ་ཤེས་གཉིས་ཀྱིས་དབུས། ཚ་བའི་དབུས་རྒྱུན་རྣམ་པ་དང་། ས་གནས་ཁག་གི་སྐུ་ཚབ། དྷ་སའི་ཁུལ་གྱི་ཚ་བའི་མི་མང་བཅས་འཛོམས་འདུག་ཅིང་། སྐབས་དེར་ཚ་བ་སྤྱི་ཁྱབ་ཁང་གི་ཚོགས་གཙོ་མཁན་པོ་པདྨ་ཆོས་འཕེལ་གྱིས་ཕེབས་བསུའི་གཏམ་བཤད་དང་ཚོགས་པ་ངོ་སྤྲོད་གནང་རྗེས། དབུས་རྒྱུན་དྲུང་ཆེ་བཅོ་ལྔས་ཚ་བ་དབུས་རྒྱུན་ལས་ཁང་གི་ལས་སྡོམ་སྙན་སྒྲོན། དེ་བཞིན་དྲུང་ཆེ་བསྟན་འཛིན་རབ་བསྟན་གྱིས་རྩིས་ཁྲ་སྙན་སྒྲོན་ཞུས་སོང་བ་མ་ཟད། གཞས་དང་ཞབས་བྲོ་ཁག་ཅིག་ཀྱང་འཁྲབ་སྟོན་བྱས་སོང་།

མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་སྤྱི་འཐུས་བློ་བཟང་ཡེ་ཤེས་ཀྱིས། ལས་སྡོམ་ནང་ཚ་བ་དབུས་རྒྱུན་ལས་ཁང་ནས་དེ་སྔོན་ཚ་བའི་ཁྱབ་ཁོངས་ཀྱི་དཀའ་ངལ་ཡོད་མཁན་རྣམས་ལ་རོགས་རམ་གནང་ཡོད་སྐོར་གསལ་བ་གཞིར་བཟུང་། སྤྱི་ཁང་གསར་རྒྱག་འདི་ནི་ཚང་མ་སྐྱིད་སྡུག་མཉམ་མྱོང་བྱེད་ས་ཞིག་གི་ཐོག་ནས་སོ་སོའི་རིག་གཞུང་གཅེས་སྐྱོང་ཡོང་ཐབས་དང་། འབྱུང་འགྱུར་མི་རབས་གསོ་སྐྱོང་བྱེད་རྒྱུ། དེ་ལས་ལྷག་པ་༧གོང་ས་མཆོག་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་འཕྱ་གྲུ་མཉམ་འདེགས་བྱ་རྒྱུ། བོད་ཀྱི་རྩ་དོན་འཐབ་རྩོད་ལ་ཆ་ཤས་ལེན་ནས་འགན་འཁུར་རྒྱུ་བཅས་ལ་ཕན་ཐོགས་འབྱུང་ས་ཞིག་ཡོང་གལ་ཆེ་སྐོར་དང་། སྤྱི་ཁང་གསར་རྒྱག་ལེགས་འགྲུབ་བྱུང་བར་འཚམས་འདྲི་དང་དབུས་རྒྱུན་གསར་རྙིང་གཉིས་ལ་ལེགས་གསོའི་བསྔགས་བརྗོད། སླད་མ་འོངས་པར་དེ་སྔོན་བཞིན་ཁྱབ་ཁོངས་ཀྱི་མི་སྣ་རྣམས་ཀྱིས་འཁུར་མཉམ་ལེན་བྱ་གལ་ཆེ་སྐོར་སོགས་གསུངས་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་“གཙོ་བོ་རྒྱུན་ལས་སྔ་རྗེས་དང་། ལྷག་པར་དུ་ད་ལྟའི་རྒྱུན་ལས་ཀྱི་ཐོག་ནས་སྐུ་ལས་མང་པོ་ཞིག་བསྐྱོན་ཡོད་པ་གསལ་པོ་རེད། དེའི་ཐོག་ལ་དཔལ་འབྱོར་གྱི་མཐུན་འགྱུར་གནང་མཁན་བཅས་ཚང་མར། འདི་འདྲའི་མིག་མཐོང་ལག་ཟིན་ལ་དངོས་སུ་སྤྱི་པའི་ཆེད་དུ་བེད་སྤྱོད་གཏོང་ས་འདི་འདྲ་ཞིག་འཛུགས་སྐྲུན་བྱེད་ཐུབ་པར་དམིགས་བསལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་། དེ་བཞིན་ཁོང་གིས་མཛད་སྒོའི་སྐབས་སུ་གཞས་སྣ་གཟིགས་འབུལ་ཞུས་པའི་གཞས་སྣ་འཁྲབ་སྟོན་ལྟ་བུ་ཆུང་ཙག་ཞིག་གི་ཐོག་ནས་བོད་མི་རིགས་ཀྱི་གཟི་བརྗིད་མཚོན་ཐུབ་ཀྱི་ཡོད་པ་དང་སྦྲགས་སྤྱིའི་ཆ་ནས་བོད་རྒྱལ་ཁབ་འདི་སྤོབས་པ་སྐྱེ་འོས་པ་ཞིག་ཡིན་སྐོར་དང་། དེ་སྔོན་ཕྱོགས་མང་པོ་ཞིག་ལ་དོ་སྣང་གིས་མ་འདང་ནས་མཐར་བོད་ས་ཤོར་ཏེ་བཙན་བྱོལ་ལ་གྱར་དགོས་པའི་གནས་སྟངས་བྱུང་ཡོད་སྟབས། བོད་ཀྱི་རིག་གནས་ཆུང་ཙག་ལ་ཡང་དོ་སྣང་ཆེན་པོའི་སྒོ་ནས་ཕྱིར་མངོན་ཐུབ་ཐབས་སུ་འབད་རྒྱུ་གལ་ཆེ་སྐོར། འདས་པའི་ལོ་ངོ་༦༠ མ་ཟིན་ཙམ་གྱི་རིང་ལ་གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། དེ་བཞིན་རྒྱ་གར་གཞུང་གི་མཐུན་འགྱུར་བཅས་ལ་བརྟེན་ནས་བཙན་བྱོལ་གྱི་གནས་སྟངས་སྤུས་དག་པོ་ཆགས་སྐོར་དང་། དེའི་སྐོར་གྱི་དགེ་མཚན་བཅས་སོགས་གསུངས་སོང་།

དེ་བཞིན་ཁོང་གིས་ཚ་བ་སྐྱིད་སྡུག་གི་ངོས་ནས་བོད་སྤྱི་པའི་དོན་དུ་གཞོགས་འདེགས་བྱེད་དགོས་སྐོར་དུ་“དེ་རིང་ཡིན་ན་རྣམ་པ་ཚོ་སྐྱིད་སྡུག་གཅིག་གི་གནས་སྟངས་འདྲ་ཆགས་ཀྱི་ཡོད་ཀྱང་། གང་ལྟར་སྐྱིད་སྡུག་ཟེར་བ་ཙམ་རེད་མ་གཏོགས། ཆོལ་ཁ་གསུམ་ནང་ལ་ཚང་མ་ཤ་འདྲེས་ལྤགས་འདྲེས་ཀྱི་འབྲེལ་བ་ཞིག་ཆགས་ཡོད་དུས། ང་ཚོ་ཐུན་མོང་གིས་ཕྱག་ལས་གནང་རྒྱུའི་གཞི་ག་རེ་འདུག དེ་འདྲའི་ཐོག་ལ་འབུར་དུ་ཐོན་པའི་ནུས་པ་བཏོན་རྒྱུ་གལ་ཆེན་པོ་རེད།”རེད་ཅེས་དང་། དེ་བཞིན་ཐུན་མོང་མ་ཡིན་པའི་སྐྱིད་སྡུག་ནང་ཁུལ་ལ་ཡིན་ན་ཡང་ཚོགས་པ་རྒྱུན་བསྐྱང་རྒྱུ་དང་། ཉམས་ཐག་ལ་འཚོ་སྣོན་སྤྲད་རྒྱུ། ཕྲུ་གུར་སློབ་ཡོན་འབུལ་རྒྱུས་མཚོན་གཅིག་ཕན་གཅིག་གྲོགས་དང་། སྐྱིད་སྡུག་མཉམ་མྱོང་བྱ་གལ་ཆེ་སྐོར། གཞན་ཡང་མཛད་སྒོ་གྲ་སྒྲིག་བྱེད་སྟངས་དང་། ཕྱག་རྟགས་ཕུལ་སྟངས། མཛད་སྒོ་གཙོ་སྐྱོང་གནང་སྟངས་བཅས་ཚོགས་པའི་གནས་སྟངས་ཧ་ཅང་ཚད་མཐོན་པོ་མཐོང་བྱུང་བ་དང་། ང་ཚོ་བོད་པའི་སྤྱི་ཚོགས་འདི་ཉམས་མྱོང་གསོག་བཞིན་གསོག་བཞིན་འདི་ལྟར་ཡར་རྒྱས་ཡོང་དགོས་སྐོར་སོགས་གསུངས་སོང་། །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།