སྤྱི་འཐུས་ལྷན་ཚོགས་སྒོ་རུ་ཞུ་གཏུག་སྙན་ཞུ་ཕུལ་མཁན་ཁག་གསུམ་འདུག
ཟླ་འདིའི་ཚེས་༡༩ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་༤ པ་དྷ་ས་གངས་སྐྱིད་སྤྱི་ལྷན་ཚོགས་ཁང་དུ་འགོ་འཛུགས་བྱས་ཡོད་པ་རེད།
དེ་ཡང་ཉིན་དེར་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་སྐོར་གྱི་སྙན་ཞུ་གྲོས་ཚོགས་འཐུས་མི་ཚང་མར་ཕུལ་ཡོད་པ་དང་། དེའི་ནང་“ཕྱི་ལོ་༢༠༡༧ ཟླ་༣ ཚེས་༢༣ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་བཞུགས་མོལ་ཚོགས་འདུའི་ཐོག་བཀའ་བསྡུར་བྱུང་བར། ཞུ་དོན་ལྟར་གྲོས་ཚོགས་ཚོགས་དུས་རྗེས་མ་ཞིག་ལ་ཁྲིམས་སྒྲིག་བསྐྱར་བཅོས་བསྣམ་དགོས་ཀྱི་འདུག་གམ། གཞན་ཐབས་ལམ་ཇི་དགེའི་སྐོར་སྤྱི་འཐུས་བཞུགས་མོལ་ཚོགས་འདུའི་ཐོག་བསྐྱར་དུ་གོ་བསྡུར་ལྷུགས་ཙམ་བྱ་རྒྱུའི་ཐག་གཅོད་གནང་སོང་། ཞེས་འཁོད་འདུག་པས་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་༤ པའི་སྟེང་དཔལ་རྒྱལ་བ་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་དང་འདྲ་མཉམ་ཁྲིམས་མཐུན་ཐོབ་ཐང་ཅི་ནས་ཀྱང་གནང་སྐྱོང་ཡོང་བའི་སྐྱབས་འཇུག་བསྐྱར་དུ་ཞུ་རྒྱུ་ཞེས་”འཁོད་ཡོད་པ་རེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད། བཀའ་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་བའི་ཐོག་བསམ་ཚུལ་བསྡུ་ལེན་བྱས་ཡོད་པ་དང་། སྙན་ཐོའི་ནང་འཁོད་དོན། “མི་མང་བརྒྱ་ཆ་༧༤ ཡིས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཐེངས་གཉིས་ཀྱི་གནང་ལམ་སྔར་མུས་བཞིན་གནང་དགོས་པ་དང་། བརྒྱ་ཆ་༧༤ ཡིས་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་འདོན་རྒྱུའི་བར་གྱི་དུས་ཡུན་ཐུང་དུ་གཏོང་དགོས་ཞེས་དང་། བརྒྱ་ཆ་༥༤ ཡིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དུས་གཅིག་ཏུ་བྱེད་པ་ལ་དཀའ་ངལ་མེད་ཚུལ་དང་། བརྒྱ་ཆ་༧༠ ཡིས་གྲྭ་བཙུན་ལ་འོས་ཤོག་གཉིས་ཀྱི་ཐོབ་ཐང་ཡོད་པ་དེ། མང་གཙོའི་འགྲོ་ལུགས་དང་མི་མཐུན་པའི་གཟིགས་ཚུལ་ཡོད་པ། བརྒྱ་ཆ་༥༧ གྱིས་གྲྭ་བཙུན་ཆབ་སྲིད་ཀྱི་ནང་ཞུགས་པ་དེར་དཀའ་ངལ་མེད་པའི་གཟིགས་ཚུལ་བཅས་བྱུང་ཡོད་”ཅེས་འཁོད་འདུག སྙན་ཞུའི་མཇུག་ཏུ་འཁོད་དོན། “གྲོས་ཚོགས་འཐུས་མི་རྣམ་པས་མི་མང་གི་མངོན་འདོད་དང་བཙན་བྱོལ་བོད་མིའི་གནས་བབས་དང་མཚམས་པའི་ཕྱག་ལེན་སྔར་ལྷག་འཕྱུག་མེད་གནང་སྐྱོང་ཡོང་བའི་ཞུ་དང་བཅས་”ཞེས་འཁོད་ཡོད་པ་རེད།
བོད་མིའི་ཆིག་སྒྲིལ་ཚོགས་པ་ཞེས་པས་ཡོངས་གླིང་སློབ་གྲྭའི་བདག་དབང་སྐོར་ལ་སྙན་ཞུ་ཕུལ་ཡོད་པ་དང་། ཁོང་ཚོས་གསར་འགོད་པར་བཀྲམ་པའི་ཡིག་ཆའི་ནང་འཁོད་དོན། “༢༠༠༤ ལོར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅད་ཁྲ་བཏང་བའི་དྷ་ས་མི་མང་ཡོངས་གླིང་སློབ་གྲྭ་སྤྱི་རྒྱུ་སྒེར་བདག་པ་སྤྱི་འཐུས་ཟླ་བ་ཚེ་རིང་གི་རྙོག་གླེང་གཙང་སེལ་ཞུ་རྒྱུ་ཐད། བོད་མིའི་ཆིག་སྒྲིལ་ཚོགས་པའི་ཚོགས་མི་༢༦༦༠ ལྷག་གིས་མཚན་རྟགས་ཡོད་པའི་ཞུ་ཡིག་རིམ་པར་ཕུལ་ཡང་། ད་བར་གཙང་སེལ་ཞུ་མ་ཐུབ་པར་བརྟེན། འདི་ལོ་༢༠༡༧ ལོར་བསྐྱར་དུ་གྲོས་ཚོགས་འཚོགས་བཞིན་པའི་སྐབས་འདིར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ལས་ཀྱི་སྣེ་མོ་བ་ཚོར་ཞུ་ཡིག་ཕུལ་ཡོད་”ཅེས་འཁོད་འདུག
སྙན་ཞུ་ཡིག་ཆའི་ནང་ “ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་ནང་དོན་ཇི་བཞིན་ལག་བསྟར་ཚད་ལྡན་ཞིག་མ་བྱུང་བར་ལས་འགུལ་མཚམས་འཇོག་གཏན་ནས་བྱ་རྒྱུ་མིན་ལ། གལ་སྲིད་དགོངས་བཞེས་ཀྱིས་ཐག་གཅོད་གཙང་སེལ་མ་བྱུང་ན་ཕྱི་བཤོལ་གཏན་ནས་མེད་པར་མུ་མཐུད་ལས་འགུལ་གྱི་རྣམ་གྲངས་མང་དུ་དང་། ཤུགས་ཆེ་རུ་གཏོང་ངེས་ཡིན་”ཞེས་འཁོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།