སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་སྐུ་གཤེགས་པར་རྒྱ་གཞུང་དང་ཝེ་ཐེ་ནམ་གྱིས་འགན་འཁུར་དགོས་ཞེས་ནན་བརྗོད་བྱས་འདུག
ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༡༥ ཉིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དྲ་ཐོག་ཏུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་ལས་མཁས་པས་མཉམ་འབྲེལ་གྱིས་ཡིག་ཐོག་ནས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་འདས་གྲོངས་སུ་ཕྱིན་པར་རྒྱ་གཞུང་གིས་འགན་འཁུར་དགོས་པའི་དགོས་འདུན་བཏོན་པར་དགའ་བསུ་ཞུས་ཡོད་པ་དང་། ལྟེ་གནས་ཁང་གིས་ཝེ་ཐེ་ནམ་དང་རྒྱ་གཞུང་གཉིས་ཀས་འགན་འཁུར་དགོས་པའི་ནན་བརྗོད་བྱས་ཡོད་པ་མ་ཟད། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེའི་གྱོད་དོན་ཐད་དྲང་བདེན་དང་རང་དབང་ལྡན་པའི་ཐོག་ནས་ཕྱི་གསལ་ནང་གསལ་གྱི་ཞིབ་བཤེར་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱལ་ཁབ་གཉིས་པོའི་གཞུང་འབྲེལ་གྱི་གསལ་བཤད་ལ་ངེས་པར་དུ་དོ་སྣང་དགོས་པའི་འབོད་སྐུལ་ཞུས་འདུག།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་ལས་མཁས་པ་བཞི་ཡིས་ཕྱི་ལོ་༢༠༢༥ ཟླ་༨ པའི་ནང་། མཉམ་འབྲེལ་གསལ་བསྒྲགས་ཤིག་སྤེལ་ནས་ཝེ་ཏི་ནམ་གཞུང་ལ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་འཛིན་བཟུང་དང་གར་སོང་ཆ་མེད་དུ་གྱུར་པ། དེའི་རྗེས་བཀག་ཉར་འོག་ནས་འདས་གྲོངས་སུ་ཕྱིན་པར་གསལ་བཤད་དང་འགན་འཁུར་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་ལས་མཁས་པ་ཚོས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་འདས་གྲོངས་ཕྱིན་པའི་གནས་ཚུལ་ལ་རྒྱ་གཞུང་གིས་འགན་འཁུར་དགོས་པའི་དགོས་འདུན་ཞིག་ཀྱང་བཏོན་ཡོད་འདུག
དགོས་འདུན་དེའི་ནང། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་གར་སོང་ཆ་མེད་དུ་འགྲོ་བ་འགོག་ཐབས་དང་། ཚེ་སྲོག་སྲུང་སྐྱོབ་དང་བདེན་དོན་སྲུང་སྐྱོབ་དགོས་པའི་འགན་འཁུར་དགོས་ཞེས་དང་། གང་མགྱོགས་ཕྱི་གསལ་ནང་གསལ་གྱིས་ཞིབ་བཤེར་མ་བྱས་པ་དེས། ཕྱི་ལོ་༢༠༡༦ ལོར་གཏན་འབེབས་བྱས་པའི་<<མི་ཎི་སོ་ཏའི་སྒྲིག་ཡིག་>>དང་འགལ་འཛོལ་ཤོར་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག
དེ་བཞིན་ཆེད་ལས་མཁས་པ་ཚོས་ཕྱི་ལོ་༢༠༡༣ ལོའི་རྒྱལ་སྤྱིའི་སྤྱི་ཆིངས་ལྟར་། རྒྱ་ནག་གཞུང་གིས་ཡོངས་ཁྱབ་བསྐྱར་ཞིབ་སྐབས་མིའི་ཚེ་སྲོག་གི་རིན་ཐང་ལ་སྔར་ལས་ལྷག་པའི་འགན་ལེན་བྱ་རྒྱུའི་ཁས་ལེན་བྱས་ཡོད་སྟབས། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེའི་གྱོད་དོན་ཐད་འདས་ཟིན་པའི་ཁས་ལེན་བརྩི་སྲུང་བྱ་རྒྱུ་ལས་གོ་ལྡོག་ཏུ་གྱུར་ཡོད་པ་ནན་བརྗོད་བྱས་ནས་གཤམ་གསལ་དགོས་འདུན་དོན་ཚན་ཁག་བཏོན་ཡོད་འདུག
༡། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་འཇུ་བཟུང་དང་གནས་སྤོ་བྱས་པའི་བརྒྱུད་རིམ་ནང་ཝེ་ཐེ་ནམ་གཞུང་གིས་ཇི་ལྟར་མཐུན་འགྱུར་བྱས་པའི་གནས་ཚུལ་ཁ་གསལ་བཟོ་དགོས།
༢། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་སྐུ་གཤེགས་རྗེས་ཀྱི་བརྟག་དཔྱད་དང་ཡང་ན་དྲི་རྩད་ཀྱི་ཞིབ་ཕྲའི་གནས་ཚུལ་ཁ་གསལ་བཟོ་དགོས།
༣། ནང་མིས་མོས་མཐུན་མེད་པར་སྐུ་ཕུང་མེར་བསྲེགས་བཏང་བའི་རྒྱུ་མཚན་ཁ་གསལ་འགྲེལ་བརྗོད་བྱེད་དགོས།
༤། དགོན་པ་དང་སྤྱི་ཚོགས་ཐོག་བཀག་སྡོམ་རང་བཞིན་གྱི་གནོད་ཤུགས་སྤྲད་ཡོད་མེད་ར་སྤྲོད་བྱེད་དགོས།
གསར་འགོད་པ། བློ་བཟང་རྒྱ་མཚོ།
