སྨར་ཁམས་གཞིས་བྱེས་གཉིས་ཀྱིས་དགའ་ལྡན་ཁྲི་ཐོག་༡༠༥ པ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཁ་སང་རྒྱ་གར་ལྷོ་ཕྱོགས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་གཞིས་བྱེས་སྨར་ཁམས་བ་ཡོངས་ཀྱིས་དགའ་ལྡན་ཁྲི་ཐོག་བརྒྱ་དང་ལྔ་པ་༧རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོར་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་འདུག་པ་དང་།  སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་གཙོས་པའི་གནད་ཡོད་མི་སྣ་དང་གཞན་ཡང་སེར་སྐྱ་མང་པོ་ཞིག་ཕེབས་འདུག 

ཕྱི་ཚེས་༣ ཉིན་བོད་མིའི་སྒྲིག་འཛུགས་དང་སྨར་ཁམས་བདེ་དོན་ལྷན་ཚོགས་ཀྱི་ངོ་དེབ་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་༡༠༥ པ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དགའ་ལྡན་གསེར་ཁྲིར་ཕེབས་པར། སྨར་ཁམས་གཞིས་བྱེས་ཡོངས་ཀྱིས་དགའ་དད་སྤྲོ་གསུམ་གྱི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་སྦྲགས་ནས། སླད་མ་འོངས་པར་རིན་པོ་ཆེ་གང་ཉིད་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ཚེ་མི་ཤིགས་རྡོ་རྗེའི་གཤིས་སུ་བརྟན་པའི་ཆེད་དུ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་བརྟན་བཞུགས་ཀྱི་མཛད་སྒོ་གྲ་རྒྱས་ཀྱིས་བསྟར་འབུལ་ཞུས་འདུག

བརྟན་བཞུགས་བསྟར་འབུལ་ཞུ་སྐབས་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་།  བཀའ་ཟུར་ཁག་ཅིག མཁན་ལས་ཟུར་རྣམ་པ། བོད་མི་མང་སྤྱི་འཐུས་ཁག་ཅིག སྤྱི་ཟུར་ཁག་ཅིག ས་སྐྱའི་བདག་མོ་སྐལ་ལྡན་སྒྲོན་སྐྱིད། ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས། སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་དང་། བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་འཆི་མེད་རྡོ་རྗེ་། དེ་བཞིན་རྒྱུད་སྟོད་ཀྱི་མཁན་པོ་གངས་དཀར་རིན་པོ་ཆེ།  འོད་ཟེར་རིན་པོ་ཆེས་དབུས་པའི་སེར་སྐྱ་མི་མང་བརྒྱ་ཕྲག་མང་པོ་ཆེད་དུ་ཕེབས་འདུག སྐབས་དེར་དགའ་ལྡན་ཁྲི་རིན་པོ་ཆེ་ནས་བོད་མི་ཡོངས་ཀྱིས་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་གི་ཐོག་ནས་གཞིས་བྱེས་མཉམ་འཛོམས་ཡོང་ཐབས་ལ་འབད་དགོས་པ་དང་། བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་ཏུ་སྒྲིལ་དགོས་པ། དེ་བཞིན་སྔོན་མ་ཡིན་ན་ནང་ཁུལ་དགྲ་ཤ་ལེན་རེས་བྱེད་པ་སོགས་ཀྱི་ལས་ཀ་ཐབས་སྡུག་དེ་འདྲ་བྱེད་མཁན་ཡོད་ཀྱང་། ད་ཆ་ང་ཚོ་བཙན་བྱོལ་ནང་བསླེབས་ནས་ཐོས་རྒྱ་མཐོང་རྒྱ་ཆེན་པོ་ཆགས་ཡོད་དུས། ང་ཚོ་འཆམ་པོ་དང་མཐུན་པོ་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་གསུངས་གནང་འདུག

འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་པ་༡༠༥ པ་རྗེ་བཙུན་བློ་བཟང་དཔལ་བཟང་པོ་ནི་ཕྱི་ལོ༡༩༣༧ ལོར་སྨར་ཁམས་ཚ་ལྷོ་རྫོང་དུ་སྐུ་འཁྲུངས། ཕྱི་ལོ༡༩༤༤ཙམ་ནས་ཡབ་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་སོགས་སྦྱངས་པའི་དབུ་བཙུགས། ཕྱི་ལོ་༡༩༥༤་ལོར་འབྲས་སྤུངས་བློ་གླིང་གྲྭ་ཚང་གི་ཚུལ་ཁང་ཁམས་ཚན་དུ་ཞུགས། ཕྱི་ལོ༡༩༦༩ལོར་སྦག་ས་ནས་ལྷོ་ཕྱོགས་མོན་གྷོ་རུ་ཕེབས། ཕྱི་ལོ་༡༩༨༠ལོར་རི་བོ་དགེ་ལྡན་པའི་དགེ་ལུགས་རྒྱུགས་སྤྲོད་ལ་ཞུགས། ཕྱི་ལོ༡༩༨༥ལོར་ལྷ་རམས་ཨང་དང་པོའི་ཕྱག་ཁྱེར་བཞེས་ཏེ་ལྷ་རམས་དམ་འཇོག་མཛད། ཕྱི་ལོ༡༩༨༥ལོར་རྒྱུད་སྟོད་གྲྭ་ཚང་དུ་གསང་སྔགས་གཞུང་ལ་ཐོས་བསམ་མཛད། ཕྱི་ལོ༡༩༩༣ལོར་རྒྱུད་སྟོད་གྲྭ་ཚང་གི་དགེ་བསྐོས་མཛད། ཕྱི་ལོ༡༩༩༦ལོར་རྒྱུད་སྟོད་ཀྱི་བླ་མ་དབུ་མཛད་མཛད། ཕྱི་ལོ་༢༠༡༧ལོར་ཤར་པ་ཆོས་རྗེའི་མཛད་འགན་བཞེས། ཕྱི་ལོ༢༠༢༤ལོའི་ཟླ་༡༡པའི་༢༦ཉིན་དགའ་ལྡན་གསེར་ཁྲིར་ཕེབས།
གཞན་ཡང་ཚུལ་ཁང་བླ་མ་རིན་པོ་ཆེ། ཏྲེ་རྒན་བསོད་ནམས་མགོན་པོ། ཤར་པ་ཆོས་རྗེ་ཏཱ་ར་རིན་པོ་ཆེ། བློ་གླིང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་པདྨ་རྒྱལ་མཚན། རྒྱལ་རོང་མཁན་ཟུར་རིན་པོ་ཆེ། ཤག་སྐོར་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ཉི་མ་རྒྱལ་མཚན། བློ་གླིང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་ཐུབ་བསྟན་སོགས་བཤེས་གཉེན་དུ་མའི་དྲུང་ནས་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་ཚུལ་བཞིན་མཛད་ཅིང་།༧གོང་ས་ཐམས་ཅད་མཁྱེན་པས་དབུས་༸སྐྱབས་རྗེ་ཡོངས་འཛིན་རྣམ་པ་གཉིས་སོགས་བླ་ཆེན་དུ་མའི་ཞབས་ནས་མདོ་སྔགས་གཉིས་ཀྱི་དབང་ལུང་མན་ངག་བུམ་པ་གང་བྱོའི་ཚུལ་གྱིས་ཞུས་ཤིང་། ཨ་རི་དང་། ཐའེ་ཝན་སོགས་རྒྱལ་ཁབ་འདྲ་མིན་དུ་དད་ལྡན་རྣམས་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་བསྩལ་དང་སྩོལ་བཞིན་པའམ་བསྟན་འགྲོའི་དོན་ཆེན་མཛད་བཞིན་པ་བཅས་ཡིན་པ་རེད།

གསར་འགོད་པ། བསོད་ནམས་ཕུན་ཚོགས།