སྲིད་འཛིན་བྷ་ཌན་གྱིས་ཁོང་ཉིད་༢༠༢༤ ལོའི་སྲིད་འཛིན་གྱི་འོས་མི་ལངས་རྒྱུའི་གསལ་བསྒྲགས་སྤེལ།

ཨ་རིའི་ལས་ཐོག་སྲིད་འཛིན་བྷ་ཌན་གྱིས་ཁོང་ཉིད་ཕྱི་ལོ་༢༠༢༤ ལོ་སྲིད་འཛིན་འོས་གཞི་ལངས་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་དང་། ཨ་རི་སྲིད་འཛིན་ཟུར་པ་ཊོམ་གྱིས་ཁོང་ལ་སྐྱོན་བརྗོད་བྱས་འདུག

ཟླ་འདིའི་ཚེས་༢༦ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ཁོང་ཉིད་ཕྱི་ལོ་༢༠༢༤ ལོ་ཨ་རིའི་སྲིད་འཛིན་གྱི་འོས་གཞི་ནང་མཉམ་ཞུགས་བྱེད་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པའི་གནས་ཚུལ་སྤེལ་འདུག

ཟླ་འདིའི་ཚེས་༢༥ རེས་གཟའ་མིག་དམར་ཉིན་ཨ་རིའི་ལས་ཐོག་སྲིད་འཛིན་བྷ་ཌན་གྱིས་ཁོང་ཉིད་ཕྱི་ལོ་༢༠༢༤ ལོ་ཨ་རིའི་སྲིད་འཛིན་གྱི་འོས་གཞི་ལངས་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་དང་། སྐབས་དེ་ཁོང་གིས་ད་ལྟའི་ཆར་རང་དབང་དང་ཐོབ་ཐང་ནི་འཇིགས་སྐུལ་འོག་ཏུ་ཡོད་པ་མ་ཟད། གནད་འགག་གི་དུས་སྐབས་སུ་ང་རྒྱལ་ཁེངས་དྲེགས་བྱེད་པའི་དུས་ཤིག་མིན་པས་ཁོང་ཉིད་ཕྱི་ལོ་༢༠༢༤ ལོ་ཨ་རིའི་སྲིད་འཛིན་གྱི་འོས་གཞི་ལ་ལངས་ཀྱི་ཡོད་ཅེས་བརྗོད་ཡོད་འདུག

ཨ་རིའི་ལས་ཐོག་སྲིད་འཛིན་བྷ་ཌན་ནི་ལོ་༨༠ ཡིན་པ་དང་ཨ་རིའི་ལོ་རྒྱུས་ཀྱི་ཁྲོད་དུ་ལོ་ན་ཆེ་ཤོས་ཀྱི་སྲིད་འཛིན་དེ་ཆགས་ཡོད་འདུག། གལ་སྲིད་ཁོང་ཉིད་སླར་ཡང་ཨ་རིའི་སྲིད་འཛིན་དུ་བདམས་པ་ཡིན་ན། སྲིད་འཛིན་གྱི་དུས་ཡུན་གཉིས་པ་རྫོགས་དུས་ཁོང་ཉིད་ལོ་༨༦ ཟིན་གྱི་ཡོད་འདུག

ཁོང་ཉིད་དགུང་ལོ་མཐོ་དྲགས་པའི་དབང་གིས་ཨ་རི་བ་དང་ལྷག་པར་དུ་མང་གཙོའི་ཚོགས་པའི་ནང་ཁོང་གི་ལོ་ཚད་དང་གཟུགས་པོའི་གནས་སྟངས་ཐོག་སེམས་ཁྲལ་བྱེད་མཁན་ཡོང་བཞིན་ཡོད་འདུག

ལོ་འདིའི་ཕྱི་ཟླ་༢ པའི་ནང་ཨ་རིའི་སྲིད་འཛིན་བྷ་ཌན་གྱི་གཟུགས་གཞི་བདེ་ཐང་ཐོག་བརྟག་དཔྱད་བྱེད་པའི་སྐབས་སྨན་པ་ཚོས་སྲིད་འཛིན་བྷ་ཌན་གྱིས་ཆང་རག་འཐུང་གི་མེད་པ་མ་ཟད་གཟའ་འཁོར་རེར་ལུས་སྦྱོང་ཐེངས་ལྔ་བྱེད་ཀྱི་ཡོད་པས་ཁོང་གི་གཟུགས་པོའི་གནས་སྟངས་ལ་དཀའ་ངལ་མེད་རབས་བརྗོད་ཡོད་འདུག

ལས་ཐོག་སྲིད་འཛིན་གྱིས་ཁོང་ཉིད་ཕྱི་ལོ་༢༠༡༤ ལོ་སྲིད་འཛིན་གྱི་འོས་མི་ལངས་རྒྱུའི་གསལ་བསྒྲགས་སྤེལ་བའི་རྗེས་ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་གྱིས་འདས་པའི་ལོ་རྒྱུས་ཀྱི་ཁྲོད་ཨ་རིའི་སྲིད་འཛིན་སྡུག་ཤོས་ལྔ་ཡིས་ཨ་རི་ཉམས་ཆག་བཏང་བ་ལས་འདས་པའི་དུས་ཡུན་ཐུང་ངུའི་ནང་ལས་ཐོག་སྲིད་འཛིན་བྷ་ཌན་གྱིས་ཨ་རི་ཉམས་ཆག་མང་བ་བཏང་ཡོད་ཅེས་བརྗོད་འདུག་ལ། ཕྱི་ལོ་༢༠༢༡ ལོ་ཨ་རི་གཞུང་གིས་དམག་མི་རྣམས་ཨབ་གྷ་ནི་སི་ཐན་ནས་ཕྱིར་འཐེན་བྱས་ཡོད་པས་རྒྱལ་སྤྱིའི་ཐོག་ཨ་རི་ངོ་ཚ་དགོས་པ་བཟོས་ཡོད་པ་དང་། ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་ཡོད་པ་དང་། ཨུ་རུ་སུ་དང་ཨེ་རན། དེ་བཞིན་རྒྱ་ནག་སོགས་ཕྱོགས་གཅིག་ཏུ་ལངས་ནས་དམག་འཁྲུག་གི་ཉེན་ཁ་ཡོད་པས་གལ་སྲིད་ཁོང་ཉིད་སྲིད་འཛིན་ཆགས་ཡོད་ན་གནས་ཚུལ་དེ་ལྟ་བུ་ཡོང་གི་མ་རེད་ཅེས་བརྗོད་ཡོད་འདུག

ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་གྱིས་ཕྱི་ལོ་༢༠༢༤ ལོ་ལས་ཐོག་སྲིད་འཛིན་བྷ་ཌན་ཕམ་ཉེས་སུ་བཏང་ནས་ཨ་རིའི་དཔལ་འབྱོར་ཉེན་སྐྱོབ་བྱེད་རྒྱུ་དང་། ཨ་རིའི་ཆེ་མཐོང་སླར་གསོ་དང་འཛམ་གླིང་དམག་ཆེན་གསུམ་པ་མི་ཡོང་བའི་སྔོན་འགོག་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།