སྲིད་སྐྱོང་གི་གཏམ་བཤད་ལ་རྒྱ་རིགས་སློབ་མས་ངོ་རྒོལ་བྱས་འདུག

ཟླ་༡༡ པའི་ཚེས་༡༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས། ཁེ་ན་ཌའི་ཀྲོ་རོན་ཀྲོ་གཙུག་ལག་སློབ་གཉེར་ཁང་དུ། ཆབ་སྲིད་ཚོགས་པ་མེད་པ་དང་རྒྱལ་སྤྱི་ལ་ཁྱབ་པའི་བོད་ཀྱི་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། གཙུག་ལག་སློབ་གཉེར་ཁང་དེའི་རྒྱ་རིགས་སློབ་མ་ཁག་ཅིག་གིས་ངོ་རྒོལ་བྱས་ཡོད་པ་རེད།

སློབ་མ་དེ་དག་གིས་ཡིག་ཆ་ཁག་ཅིག་འགྲེམས་སྤེལ་བྱས་འདུག་པ་དང་། དེ་དག་ནང་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་བཅིངས་གྲོལ་བཏང་རྗེས་བོད་ནང་དུ་དམར་མཆོད་བཀག་འགོག་བྱས་པ། བོད་མི་རྣམས་བྲན་གཡོག་ལམ་ལུགས་དང་དབུལ་འཕོང་ནས་བསྐྱབས་པ་སོགས་འཁོད་འདུག

སྲིད་སྐྱོང་གི་གཏམ་བཤད་གནང་ཡུལ་གྱི་ཚོགས་ཁང་ཕྱི་ལོགས་ཀྱི་བར་འཁྱམས་སུ། རྒྱ་རིགས་སློབ་མ་དེ་དག་སླེབས་ནས་རྒྱ་གཞས་བཏང་བ་སོགས་ཀྱི་ངོ་རྒོལ་ལས་འགུལ་སྤེལ་འདུག

ངོ་རྒོལ་ལས་འགུལ་དེའི་བརྙན་ཐུང་ཞིག་དྲ་ཐོག་ཏུ་སྤེལ་བའི་ནང་། རྒྱ་རིགས་སློབ་མ་ཚོས་སློབ་གཉེར་ཁང་དེས་རྒྱ་ནག་རྒྱལ་ཁབ་ཁ་བྲལ་དུ་གཏོང་ཐབས་བྱེད་མཁན་བཙན་བྱོལ་གཞུང་ཞེས་པ་དེ་གར་སླེབས་སུ་བཅུག་པར་ངོ་རྒོལ་བྱེད་དུ་ཡོང་སྐོར་དང་། བོད་མི་རྣམས་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨེ་སི་སི་དང་འདྲ་བའི་བྱ་སྤྱོད་ལ་འཇུག་གི་ཡོད་སྐོར་སོགས་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།