སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་དབུས་འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་སོང་།
འདི་ལོ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་འགོ་འཛུགས་བྱེད་ཀྱི་ཡོད་པ་བརྟེན། དེ་རིང་ཕྱི་ཟླ་༡༠ ཚེས་༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཆེ་རིང་གི་ཚོགས་ཁང་དུ་དབུས་འོས་བསྡུ་ལས་ཁང་གིས་གསར་འགོད་གསར་བསྒྲགས་ཤིག་སྤེལ་སོང་།
གསར་འགོད་གསལ་བསྒྲགས་དེའི་སྐབས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་དང་། འོས་བསྡུའི་འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་དང་། སྣང་ས་ཆོས་སྒྲོན་བཅས་ཕེབས་འདུག འོས་བསྡུའི་སྤྱི་ཁྱབ་འགན་འཛིན་གྱིས་སྒྲོགས་སྦྱང་གནང་བའི་གསལ་བསྒྲགས་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙམ་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དགོངས་དོན། དེ་རིང་ཕྱི་ལོ་༢༠༢༥ ཟླ་བ་༡༠ ཚེས་༧ ཉིན་ཕྱི་ལོ་༢༠༢༥-༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་༡༨ པའི་འོས་བསྡུ་ཆེན་མོའི་ལས་རིམ་གསལ་བསྒྲགས་ཞུ་རྒྱུ་ཡིན། དེ་ཡང་འོས་བསྡུའི་ལས་རིམ་གཏན་འབེབས་ཞུས་པ་ལྟར། ཕྱི་ལོ་༢༠༢༥ -༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་༡༨ པའི་སྔོན་འགྲོའི་འོས་བསྡུ་ཕྱི་ལོ་༢༠༢༦ ཟླ་བ་༢ ཚེས་༡ ཉིན་རེས་གཟའ་ཉི་མ་དང་། དངོས་གཞིའི་འོས་བསྡུ་ཕྱི་ལོ་༢༠༢༦ ཟླ་བ་༤ ཚེས་༢༦ རེས་གཟའ་ཉི་མ་བཅས་སོ་སོར་བོད་མིའི་འདུ་སྡོད་ཡོངས་སུ་ས་གནས་སོ་སོའི་དུས་རིམ་ས་ཁུལ་(Time -zone)ལ་གཞིགས་པས་ཉིན་བརྒྱ་དུས་གཅིག་ལ་བྱ་རྒྱུའི་དུས་ཚེས་གཏན་འཁེལ་ཞུས་ཡོད་པའི་གསལ་བསྒྲགས་ཞུ་རྒྱུ་ཡིན།

ཐེངས་འདི་ཕྱི་ལོ་༢༠༢༥ དང་༢༠༢༦ ལོའི་འོས་བསྡུ་ཆེན་མོའི་སྔོན་འགྲོ་དང་། དངོས་གཞིའི་ལས་རིམ་འདི་ཡང་སྔར་ལམ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་༡༨ པའི་འོས་བསྡུ་དུས་གཅིག་ལ་བྱ་རྒྱུའི་གཏན་འཁེལ་བྱུང་ཐུབ་པ་ནི། སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྐབས་༡༨ པའི་བོད་མིའི་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་དེ་སྔ་སྣུར་ཆོག་པའི་སྤྱི་སྨན་དགོངས་བཞེས་རླབས་ཆེན་མཛད་པར་དབུས་འོས་བསྡུ་ལས་ཁང་ནས་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག
ཕྱི་ལོ་༢༠༢༥ དང་༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་འབོད་སྒྲ་ནི་(ང་བོད་ཡིན། ངས་བོད་ལ་འོས་འཕེན།) ཞེས་ཡིན་པས། དེའི་དམིགས་ཡུལ་གཙོ་བོ་ནི་བོད་མིའི་ཆིག་སྒྲིལ་གྱི་ངོ་བོ་དང་། ཆིག་སྒྲིལ་གྱི་ནུས་སྟོབས་མཚོན་ཐུབ་ཐབས་ཤིག་ཡིན་པ་བརྗོད་འདུག
སྔར་ལམ་བཞིན་དབུས་འོས་བསྡུ་ལས་ཁང་ཁྲིམས་སྒྲིག་དང་། བཟང་སྤྱོད་དང་མཐུན་པ་གནང་ཐབས་དགོས་རྒྱུ། བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་འདི་བཞིན་མ་འོངས་བོད་བསྟན་སྲིད་སྤྱིའི་ལས་དོན་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་པས། བྱེས་འཁོད་བོད་རིགས་ཡོངས་ནས་ཕྱོགས་ལྷུང་ཆགས་སྡང་མེད་པའི་འོས་བསྡུའི་ཆ་ཤས་བཞེས་རྒྱུ་གནད་ཀྱི་སྙིང་པོ་ཡིན་པ་བརྗོད་འདུག
བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་༡༧ དང་༡༨ ༢༠ དང་༢༡ བཅས་ཀྱི་ནང་གསལ་ལྟར་འོས་འཕེན་་པའི་མིང་གཞུང་དེབ་འགོད་ཞུ་ཕྱོགས་ཐད། ས་གནས་འོས་བསྡུའི་འགན་འཛིན་ཡོངས་ལ་སྒྲིག་གསལ་ལྟར་འོས་འཕེན་པའི་མིང་གཞུང་སྔོན་ཡོད་ཁག་གཞིར་བཟུང་དག་བཤེར་དང་། ས་གནས་སོ་སོའི་འོས་བསྡུའི་དེབ་སྐྱེལ་ཟིན་ཁག་ལ་བསྐྱར་ཞིབ་བཅོས་སྒྲིག་དང་། ཕྱི་ལོ་༢༠༢༥ ཟླ་བ་༡༠ ཚེས་༨ ནས་ཟླ་བ་༡༡ ཚེས་༨ བར་འོས་འཕེན་པའི་མིང་གཞུང་དེབ་འགོད་ངེས་པར་མཇུག་སྒྲིལ་ཐུབ་པ་བྱ་རྒྱུ།
བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་༡༨ ནང་གསེས་༤ ལྟར། ཕྱི་ལོ་༢༠༢༥ ཟླ་བ་༡༡ ཚེས་༢༣ བར་བོད་ཀྱི་ཡུལ་མི་རང་ལོ་༡༨ ཧྲིལ་པོ་ལོན་རིགས་རྣམས་མིང་གཞུང་དེབ་འགོད་ཆོག་པ་ཡིན། ལྷག་པར་དང་བླངས་དཔྱ་དངུལ་འབུལ་འབབ་ཕྱི་ལོ་༢༠༢༦ ཟླ་བ་༣ ཚེས་༣༡ བར་གཙང་འབུལ་ཟིན་པ་དགོས། འོས་བསྡུའི་ཐོབ་ཐང་ལེན་པར་ས་གནས་གང་དུ་ཕེབས་ཀྱང་དཔྱ་ཁྲལ་ལག་དེབ་མཉམ་འཁྱེར་དགོས་པ་ནི་གནད་ཀྱི་སྙིང་པོ་ཡིན་ཞེས་བརྗོད་འདུག
བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་༦༧ ནང་གསེས་༤ པ་ནང་གསལ(སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་ལས་མི་ཉུང་བ་གསལ་བསྒྲགས་བྱེད་དགོས)ཞེས་གསལ་བ་ལྟར། བོད་མིའི་སྒིག་འཛུགས་ཀྱི་སྲིད་སྐྱོང་གི་དངོས་གཞིའི་གསལ་བསྒྲགས་ཞུ་ཕྱོགས་ཐད། སྒྲིག་སྲོལ་བཞིན་སྲིད་སྐྱོང་གི་སྔོན་འགྲོའི་འོས་ཐོབ་ཁོངས་ནས་ཨང་རིམ་རྩེ་བཏོགས་ཀྱིས་དངོས་གཞིའི་འོས་དམིགས་སུ་འོས་གཞི་གཉིས་ཁོ་ན་འདོན་རྒྱུའི་གསལ་བསྒྲགས་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་བརྗོད་འདུག
བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལེའུ་བཞི་པའི་དོན་ཚན་༣༧ ནས་གསལ། བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་རྩ་འབོར་གྱི་གྲངས་ཚད། བོད་ཀྱི་ས་ཁུལ་ཆོལ་ཁ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ་དང་། དེའི་ནང་ཉུང་མཐར་བུད་མེད་གཉིས་རེ་དགོས། རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས། ཡུ་རོབ་དང་། ཨ་ཕི་རི་ཀའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས། རྒྱལ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་དང་། ཨོ་སོ་ཀྲེ་ལི་ཡའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་སྤྱི་འཐུས་གཅིག་བཅས་བོད་མི་ནང་སྤྱི་འཐུས་ཀྱི་རྩ་འབོར་༤༥ ངེས་པ་ཡིན།
ད་ལན་འོས་བསྡུ་ཆེན་མོའི་སྐབས། འོས་གཞིར་ཞུགས་མཁན་གཙོ་བོ་དང་། རྒྱ་ཆེའི་མང་ཚོགས་ནས་འོས་བསྡུའི་སྒྲིག་གཞིར་ཐུགས་སྣང་ངེས་པར་གནང་ཕྱོགས་ཡོང་བ་དང་། ལྷག་པར་སྒྲིག་གཞི་དོན་ཚན་༢༤ དང་༢༥ གཉིས་ལ་དམིགས་བསལ་ཐུགས་གཟབ་གནང་གལ་ཆེ།
བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་གཙོ་བོ་གྱུར་པའི་ཐོག་འོས་བསྡུ་དང་། འབྲེལ་བའི་རྩ་འཛིན་ལམ་སྟོན་བཀོད་ཁྱབ་དོན་ཚན་བཅུ་བཞི་ཅན་ཞིག་ཀྱང་ཟུར་དུ་གཏན་འབེབས་ཞུས་ཡོད་པས་རྒྱ་ཆེའི་མང་ཚོགས་ནས་གལ་ཆེ་དོན་ཆེན་ཐོག་ཐུགས་སྣང་ངེས་པར་གནང་དགོས།
དེང་གི་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་གྲས་ཤིག་ནི་འགན་འཁུར་གང་ཡང་མེད་པའི་ཁ་པར་དང་སྤྱི་ཚོགས་དྲྭ་ལམ་སོགས་བེེད་ལོག་གི་བདེན་པ་མིན་པའི་གནས་ཚུལ་ཁྱབ་སྤེལ་གྱིས་སྤྱི་ཚོགས་འཁྲུགས་གཞི་དང་། བོད་མིའི་ཆིག་སྒྲིལ་ལ་གནོད་ཚབས་འགྲོ་ཉེན་ལ་སོགས། རྒྱ་ཆེ་མང་ཚོགས་ནས་དགོས་མེད་དཀྲོགས་རྐྱེན་རིགས་ལ་དབུ་མ་འཁོར་བ་དོགས་ཟོན་དང་། ཡོ་བསྲང་དོད་པོས་བྱ་ར་དམ་འཛིན་ངེས་པར་གནང་གལ་ཆེ་ཞེས་དང་།
འདི་ནས་ས་གནས་འོས་བསྡུ་ལས་ཁང་ཁག་དང་། རྒྱ་ཆེའི་མང་ཚོགས་ལ་འོས་བསྡུ་དང་འབྲེལ་བའི་ལས་དོན་རྣམས་སྒྲིག་མཐུན་ཚགས་ཡོང་ཐབས་སུ་ཕྱི་ལོ་༢༠༢༥ ཟླ་བ་༡༡ ཚེས་༡༦ ཉིན་ས་གནས་འོས་བསྡུ་འགན་འཛིན་རྣམ་པར་ཟབ་སྦྱོང་ཞིག་གོ་སྒྲིག་ཞུ་རྒྱུ་དང་། ཕྱོགས་མཚུངས་དབུས་ནས་འོས་བསྡུའི་འགན་འཛིན་གསུམ་ས་གནས་སུ་ཆེད་བཅར་གྱིས་མང་ཚོགས་ལ་འོས་བསྡུའི་སྒྲིག་གཞི་དང་རྩ་འཛིན་ལམ་སྟོན་སོགས་ངོ་སྤྲོད་ཞུ་རྒྱུ་ཡིན་ཞེས་བརྗོད་སོང་།
གསར་འགྱུར་བརྒྱུད་ལམ་ཁག་ནི། མང་གཙོའི་ཀ་བ་བཞི་པར་ངོས་འཛིན་ཞུས་པ་ལྟར་དངོས་ཡོད་གནས་ཚུལ་རྣམས་གཞི་རིམ་མང་ཚོགས་ལ་དུས་ཐོག་འཁྱོལ་ཐུབ་པའི་དམིགས་བསལ་ནུས་པ་དང་། ལས་འགན་ཡོད་པ་བཞིན། ཕྱི་ལོ་༢༠༢༥ དང་༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་སྐབས་མང་ཚོགས་ལ་སྨན་པའི་གནས་ཚུལ་ཁྱབ་སྤེལ་རྒྱ་ཆེ་གནང་བའི་ཡིད་ཆེས་ཞུ་རྒྱུ་ཡིན་ཞེས་བརྗོད་སོང་།
དེ་སྔོན་ཕྱི་ལོ་༢༠༢༠ དང་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་སྐབས་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་པའི་ཛ་དྲག་དཀའ་ངལ་འོག་བསྡུའི་ལས་རིམ་ཁག་ལེགས་གྲུབ་ཐུབ་པ་ནི། སྐབས་དེའི་དབུས་འོས་བསྡུའི་འགན་འཛིན་རྣམ་པས་གཙོས། འཛམ་གླིང་ཡུལ་གྲུ་ཁག་༢༦ ནང་ས་གནས་འོས་བསྡུའི་ལས་ཁག་༥༡ ནས་་ས་གནས་འོས་བསྡུའི་འགན་འཛིན་རྣམ་པས་འགན་འཁུར་ཆེ་བཞེས་ཐོག ཚོགས་མི་དང་། ཟུར་དཔང་། ལས་བྱེད་བཅས་བསྡོམས་གྲངས་༢༠༡༤ དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་། བོད་མིའི་མང་ཚོགས་ནས་ཀྱང་དཀའ་ངལ་དུ་མར་གདོང་ལེན་གྱིས་དུས་ཐོག་འོས་བསྡུའི་ལས་དོན་ཚགས་ཚུད་ངང་གྲུབ་ཐུབ་པ་དེར་འབྲེལ་ཡོད་ཚང་མར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་བརྗོད་སོང་།
ཕྱོགས་མཚུངས་ད་ལན་ཕྱི་ལོ་༢༠༢༥ དང་༢༠༢༦ ལོའི་འོས་བསྡུ་ཆེན་མོའི་སྐབས་རྒྱ་ཆེའི་མང་ཚོགས་ནས་འོས་བསྡུའི་ལས་དོན་ཚགས་ཚུད་ཡོང་སླད་ཕྱར་གྲུ་མཉམ་འདེགས་ཡོང་བའི་འབོད་སྐུལ་ཤུགས་དྲག་ཞུ་བཞིན་ཡོད་བཅས་གསུངས་སོང་།།
གསར་འགོད་པ། བསོད་ནམས་ཕུན་ཚོགས།