སྲིད་སྐྱོང་སྤེན་པ་ཚེ་རིང་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་ཕྱོགས་ཕེབས་ལེགས་གྲུབ་བྱུང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ ༢༠༢༤ ཟླ་༡ ཚེས༢༥ ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཨེ་སི་ཊོ་ནི་ཡ་གྲོས་ཚོགས་ནང་བོད་ཀྱི་ཁྲིམས་དོན་གནས་བབ་སྐོར་ཉན་ཞིབ་གནང་ཡོད་འདུག སྐབས་དེར་སྲིད་སྐྱོང་གིས་བོད་ཀྱི་རྒྱབ་ལྗོངས་ལོ་རྒྱུས་དང་། དེ་ནས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་བཙན་འཛུལ་མ་བྱས་གོང་བོད་དེ་རང་བཙན་རྒྱལ་ཁབ་ཡིན་པའི་ལོ་རྒྱུས་བདེན་དོན་གསལ་སྟོན་ནན་བརྗོད་དགོས་པའི་སྐོར་གསུང་བཤད་གནང་འདུག གཞན་ཡང་། སློབ་དཔོན་ལའོ་ཡིས་རྒྱ་ནག་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་སྐབས་སུ་བོད་དེ་རྒྱ་ནག་ཁོངས་གཏོགས་རྩ་བ་ནས་མིན་པ་རྒྱ་ནག་གོང་མའི་ཡིག་ཆའི་བརྒྱུད་ཁུངས་སྐྱེལ་ར་སྤྲོད་གནང་ཞིང་། མཁས་དབང་མེ་ཁལ་ཝན་ལྦལ་ཊི་ཡིས་ཁྲིམས་ལུགས་ཐོག་ནས་རྒྱ་ནག་གཞུང་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་ཤོད་བཞིན་པ་དེ་བདེན་པ་མིན་པའི་གནས་ཚུལ་གསལ་བཤད་གནང་ཡོད་འདུག

པར། བོད་མིའི་སྒྲིག་འཛུགས།

ཟླ་༡ཚེས་༢༦ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ཕིན་ལེནྜའི་གྲོང་ཁྱེར་ཧེལ་སིང་ཀིར་ཕེབས་ནས་ཕིན་ལེནྜའི་གཞུང་གི་གནད་ཡོད་མི་སྣ་དང་། གྲོས་ཚོགས་འཐུས་མི། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ། གཞུང་ཁོངས་མིན་པའི་ཚོགས་པའི་ཚོགས་མི། ཤེས་ཡོན་པ། ཞིབ་འཇུག་པ། དེ་བཞིན་རྩོམ་པ་པོ་སོགས་དང་མཇལ་མོལ་གནང་ཡོད་པ་མ་ཟད། ཚེས་༢༨ ཉིན་ཨེསྚོ་ནི་ཡའི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ་ལཱཏ་ཝི་ཡཱའི་གྲོང་ཁྱེར་རི་གར་ཕེབས་ཏེ། ཁྲིམས་དང་། བཟང་སྤྱོད། ཚུལ་ཁྲིམས་ཞེས་པའི་བགྲོ་གླེང་ཚོགས་འདུར་ལྷན་ཞུགས་ཀྱིས་བོད་དོན་སྐོར་གསུང་བཤད་གནང་ཡོད་འདུག ཕྱི་ཚེས་༢༩ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ལཱཏ་ཝི་ཡཱའི་རྒྱལ་ཡོངས་རླུང་འཕྲིན་ཁང་གཙོས་པའི་བརྒྱུད་ལམ་ཁག་གཉིས་ཀྱི་བཅར་འདྲིར་དང་ལེན་དང་། ཉིན་རྒྱབ་ལཱཏ་ཝི་ཡཱའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་ནས་ད་ལྟའི་བོད་ནང་གི་གནས་སྟངས་དང་། བོད་དང་ཡུག་རེན་གཉིས་ཀྱི་མཚུངས་ཆོས། བོད་ལ་རྒྱལ་སྤྱིའི་རྒྱབ་སྐྱོར། ལཱཏ་ཝི་ཡཱའི་གྲོས་ཚོགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་ཐབས་སོགས་ཀྱི་སྐོར་གྲོས་མོལ་གནང་ཡོད་པ་མ་ཟད། ཕྱི་ལོ ༢༠༢༢ ལོར་འཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་མཉམ་ཞུགས་གནང་མཁན་གྲོས་ཚོགས་འཐུས་མི་ཐེ་བའི་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས། དེ་དང་འབྲེལ་ཏེ་གཟའ་འཁོར་སྔོན་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཐོག་དུས་བཀག་བསྐྱར་ཞིབ་གནང་བའི་སྐབས་ལཱཏ་ཝི་ཡཱའི་སྲིད་གཞུང་ངོས་ནས་བོད་ནང་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་བསྒྲགས་གཏམ་མ་སྤེལ་བར་ཐུགས་ཕམ་བྱུང་ཞེས་གསུངས་ཡོད།༔

ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༣༠ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལི་ཐུ་ནི་ཡཱའི་གྲོང་ཁྱེར་ཝིལ་ནི་སིར་འབྱོར་ཞིང་། སྲིད་སྐྱོང་མཆོག་གི་བྷལ་ཊིག་རྒྱལ་ཁབ་ཁག་དང་ཕིན་ལེནྜ་གྱི་གཞུང་འབྲེལ་ཕྱོགས་ཕེབས་སྐབས་གཞུང་འབྲེལ་གནད་ཡོད་མི་སྣ་དང་། གྲོས་ཚོགས་འཐུས་མི། གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་རྣམས་ལ་ལོ་རྒྱུས་ཀྱི་ཁུངས་སྐྱེལ་བདེན་དཔང་བརྒྱུད་ལོ་རྒྱུས་ཐོག་ནས་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་གནས་བབ་གསལ་སྟོན་དང་། སྲིད་འཛིན་ཞི་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་ཤོག་གཞུང་ནི་འབྱུང་འགྱུར་ཡུ་རོབ་སྤྱི་ཡོངས་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག  དེ་དང་ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་འབྲེལ། བོད་རྒྱའི་དཀའ་རྙོག་ལ་བརྟེན་ནས་རྒྱལ་སྤྱི་ཁྱོན་ཡོངས་སུ་མཇུག་འབྲས་ཇི་ཡོང་དང་། བྷལ་ཊིག་རྒྱལ་ཁབ་ཁག་ཅིག་ནས་ཡུ་ཀེ་རན་ལ་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག་ཨུ་རུ་སུ་ལྷན་ཚོང་འབྲེལ་བྱེད་པ་གཉིས་འགལ་འདུ་ཆགས་ཚུལ། དེ་བཞིན་བྷལ་ཊིག་རྒྱལ་ཁབ་དང་རྒྱ་ནག་བར་ཉོ་ཚོང་ཆ་སྙོམས་མེད་པས་རྒྱ་ནག་ལ་ཁེ་ཕན་ཐོབ་ཚུལ། རྒྱ་ནག་དང་ཨུ་རུ་སུ་བར་གྱི་ཚོང་འབྲེལ་ལ་བརྟེན་ནས་ཨུ་རུ་སུར་ཁེ་ཕན་ཐོབ་ཚུལ་སོགས་ཀྱི་སྐོར་གོ་རྟོགས་སྤེལ་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།