ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་འཁྲུག་གྲ་སྒྲིག

ད་ཆར་རྒྱ་ནག་གིས་ཧིན་བོད་ས་མཚམས་སུ་དམག་གི་རྟེན་གཞི་རྒྱ་བསྐྱེད་བྱས་ནས་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་འདུག

རྒྱ་གར་གྱི་གསར་ཁང་( Hindustan time) གྱིས་གནས་ཚུལ་བཏོན་གསལ་ལ། ད་ཆར་རྒྱ་ནག་གིས་ཧིན་བོད་ས་མཚམས་སུ་སྔར་ལས་དམག་གི་རྟེན་གཞི་ཇེ་མང་དང་རྒྱ་ཇེ་ཆེར་གཏོང་བཞིན་ཡོད་པ་རྒྱ་གར་གྱིས་འཁོར་སྐར་བརྒྱུད་ནས་རྟོགས་ཡོད་འདུག ཕྱི་ལོ་༢༠༢༠ ནས་བཟུང་རྒྱ་ནག་གིས་ཧིན་བོད་ས་མཚམས་སུ་དམག་གིས་རྟེན་གཞི་རྒྱ་བསྐྱེད་ཇེ་ཆེར་གཏོང་བཞིན་ཡོད་པ་དང། མེ་འཁོར་ལྕགས་ལམ་དང་གཞུང་ལམ། ཟམ་པ། གནམ་གྲུའི་ཐང་སོགས་གསར་རྒྱག་བྱེད་བཞིན་ཡོད་འདུག 

གཞན་ཡང་གསར་ཁང་དེས་བརྗོད་དོན་ལ་དམག་གི་རྟེན་གཞི་རྒྱ་བསྐྱེད་བྱེད་བཞིན་པའི་དམིགས་ཡུལ་གཙོ་བོ་ནི་མ་འོངས་པར་གལ་སྲིད་དམག་འཁྲུག་ཤོར་བ་ཡིན་ན། དུས་ཐོག་ཏུ་རྒོལ་ལན་སློག་ཐབས་དང་དམག་མི་འགྲེམ་འཇོག་བྱེད་ཐབས་སུ་དམག་གི་རྟེན་གཞི་རྣམས་རྒྱ་བསྐྱེད་བྱེད་བཞིན་ཡོད་པ་དང། དེ་བཞིན་ལྷ་སའི་ཉེ་འཁོར་གྱི་ས་ཆ་འགའ་ཤས་ནང་གནམ་དམག་གི་རྟེན་གཞི་མང་པོ་ཞིག་གསར་རྒྱག་བྱེད་བཞིན་ཡོད་འདུག ལྷག་ཏུ་དམག་གི་གནམ་གྲུ་འབབ་ས་དང། འཐབ་ར་སོགས་གསར་རྒྱག་བྱེད་བཞིན་ཡོད་པ་ཡང་རྒྱ་གར་གྱི་ཉམས་ཞིབ་པས་འཁོར་སྐར་བརྒྱུད་ནས་ཤེས་རྟོགས་བྱུང་འདུག ད་དུང་རྒྱ་ནག་གིས་ཧིན་བོད་གཉིས་ཀྱི་ས་མཚམས་སུ་རྩོད་གཞི་ཅན་གྱི་ས་ཆ་འགའི་ཉེ་འཁོར་དུ་གནམ་དམག་གི་འབབ་ཚུགས་གསར་རྒྱག་བྱེད་འཆར་ཡོད་པ་དང། གནད་དོན་དེ་ཡིས་རྒྱ་དཀར་ནག་བར་གྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་ཐེབས་རྒྱུ་ཡིན་པ་རྒྱ་གར་གྱི་(The Intel lab’s geo-intelligence) ཉམས་ཞིབ་ཁང་གི་ཉམས་ཞིབ་པ་གྲེ་མན་སེ་མོང་( Damien Symon)གིས་གསུངས་ཡོད་ཅིང། 

དེ་སྔོན་ལ་དྭགས་སུ་དམག་གི་གནམ་གྲུའི་ཁ་ལོ་བ་(Manmohar Bahdur) ཡིས་བརྗོད་དོན་ལ་འདས་པའི་ལོ་གསུམ་ནང་རྒྱ་ནག་གིས་ཧིན་བོད་ས་མཚམས་སུ་གནམ་དམག་གི་རྟེན་གཞི་མང་པོ་གསར་རྒྱག་བྱས་ཡོད་པ་དང། དེ་དག་ནི་རྒྱ་གར་གྱི་དམག་ལ་ཁ་གཏད་གཅོག་ཐབས་ཡིན་ཡང། རྒྱ་གར་གྱི་གནམ་དམག་གི་རྟེན་གཞི་མང་ཆེ་བ་ཧི་མ་ལ་ཡའི་རི་འདབས་སུ་ཡོད་པ་དང་། དམག་གི་གནམ་གྲུས་གོ་མཚོན་ཆེན་པོའི་རིགས་ལས་སླ་པོའི་ངང་ནས་དབོར་འདྲེན་བྱེད་ཐུབ་གྱི་ཡོད་པས། རྒྱ་གར་གྱིས་རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་ཀྱི་ཡིན་པ་ཁོང་གིས་( Hindustan time) ་ལ་གསུངས་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།