ཧིན་བོད་ས་མཚམས་སུ་རྒྱ་ནག་གིས་དམག་འཁྲུག་གྲ་སྒྲིག་བྱེད་བཞིན་ཡོད་འདུག


ཧིན་བོད་ས་མཚམས་ཉེ་འཁོར་དུ་ཡོད་པའི་ལྷོ་ཁ་ལྷུན་རྩེའི་གནམ་ཐང་དུ་དམག་འཁྲུག་སྐབས་སུ་ཕྱི་ནས་གཏོང་རྒོལ་འགོག་ཆེད་རྒྱ་ནག་གིས་གནམ་གྲུ་རྣམས་ལ་ཐོག་གཡབ་གསར་པ་རྒྱག་བཞིན་པ་དང་། མི་མེད་གནམ་གྲུ་མང་པོ་བཞག་ཡོད་པའི་གནས་ཚུལ་ཐོན་འདུག


པར། NDTV

ཕྱི་ཚེས་༢༧ ཉིན་རྒྱ་གར་གྱི་གསར་ཁང་(NDTV)ནས་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གཞུང་གིས་བོད་ལྷོ་ཁ་ལྷུན་རྩེ་ཁུལ་དུ་ཡོད་པའི་གནམ་ཐང་ཞིག་ལ་དམག་འཁྲུག་སྐབས་སུ་ཕྱི་ནས་དམག་གི་གནམ་གྲུ་རྣམས་གཏོར་རྒོལ་མི་འཐེབ་པའི་ཆེད་དུ་གནམ་གྲུ་འཇོག་ཡུལ་༣༦ ཙམ་ལ་ཐོག་གཡབ་གསར་རྒྱག་བྱེད་བཞིན་ཡོད་འདུག་ཅིང་། གནམ་ཐང་དེ་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་ནས་སྤྱི་ལེ་༡༠༧ ཙམ་ལ་ཡོད་པའི་བོད་ནང་ལྷུན་རྩེ་ས་ཁུལ་དུ་ཡོད་པ་དང་། ཧིན་བོད་གཉིས་ཀྱི་ས་ཐིག་(the McMahon line)་ནས་སྤྱི་ལེ་༤༠ ཙམ་ལ་ཡོད་འདུག གལ་སྲིད་རྒྱ་དཀར་ནག་གཉིས་བར་དམག་འཁྲུག་འདྲ་བྱུང་ཚེ་གནམ་ཐང་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་འདུག རྒྱུ་མཚན་ནི་གནམ་ཐང་དེའི་བརྒྱུད་ནས་གནམ་དམག་གི་གནམ་གྲུ་དུས་ཚོད་ཐུང་ཐུང་ནང་རྒྱ་གར་གྱི་ས་ཐོག་ཏུ་འཕུར་ཐུབ་ཀྱི་འདུག་ཅིང་། མི་མེད་གནམ་གྲུ་བཏང་ན་ཡང་དུས་ཡུན་ཐུང་ཐུང་ནང་རྒྱ་གར་བྱང་ཤར་ཁུལ་གྱི་གནམ་དམག་ལྟེ་གནས་ཁག་ལ་དུས་ཡུན་ཐུང་ཐུང་ནང་གཏོར་རྒོལ་བྱེད་ཐུབ་ཀྱི་ཡོད་པ་བརྗོད་འདུག
རྒྱ་གར་གྱི་གནམ་དམག་དམག་སྤྱི་ཟུར་པ་(Marshal BS Dhanoa)ཡིས་གལ་སྲིད་མ་འོངས་པར་རྒྱ་དཀར་ནག་གཉིས་བར་གདོང་ཐུག་ཅིག་ཤོར་ཚེ། རྒྱ་ནག་གིས་བོད་ལྷུན་རྩེ་ས་ཁུལ་དུ་ཡོད་པའི་གོང་གསལ་གནམ་ཐང་དེ་བེད་སྤྱོད་བཏང་ནས་རྒྱ་གར་ལ་ཚུར་རྒོལ་བྱེད་རྒྱུ་ཡིན་པ་དང་། གནམ་ཐང་དེའི་བརྒྱུད་ནས་མི་མེད་གནམ་གྲུ་དང་། ཐད་འཕུར་གནམ་གྲུ་སོགས་བཏང་ནས་རྒྱ་གར་ལ་ཚུར་རྒོལ་བྱེད་རྒྱུ་ཡིན་པ། ད་ལྟ་ས་ཁུལ་དེའི་ས་འོག་ཏུ་གོ་མཚོན་དང་། ལག་ཆ་རྣམས་སྦས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག ཁོང་གིས་ཕྱི་ལོ་༢༠༡༧ ལོར་འབྲོག་ལམ་ས་ཁུལ་དུ་རྒྱ་དཀར་ནག་བར་གདོང་ཐུག་ཤོར་དུས་ངའི་ལས་བྱེད་ཚོ་ལ་རྒྱ་ནག་བཅིངས་གྲོལ་དམག་ལ་བོད་ནང་གནམ་གྲུའི་དཀའ་ངལ་མ་ཡིན་པར། དེ་ལས་གནམ་གྲུ་འཇོག་ཡུལ་གྱི་དཀའ་ངལ་ཡོད་པ་བརྗོད་མྱོང་ཡང་། ད་ཆར་རྒྱ་ནག་གིས་གནམ་ཐང་དུ་གནམ་གྲུ་རྣམས་ལ་ཐོག་གཡབ་འཛུགས་སྐྲུན་འགོ་འཛུགས་ཟིན་པ་ནས་བཟུང་། རྒྱ་ནག་གིས་རྒྱ་གར་དང་ལྷན་དུ་དམག་འཁྲུག་རྒྱག་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་གསལ་པོ་རེད་ཅེས་བརྗོད་འདུག
དེ་བཞིན་རྒྱ་གར་གྱི་གནམ་དམག་གི་དམག་དཔོན་གཞོན་པ་ཟུར་པ་(Air Marshal Anil Khosla)ད་ཆར་རྒྱ་ནག་གིས་ཧིན་བོད་ས་མཚམས་སུ་འཛུགས་སྐྲུན་ལས་གཞི་དང་། དམག་གི་རྟེན་གཞི་རྣམས་ཡར་རྒྱས་གཏོང་བཞིན་པ་དེ་མ་འོངས་པའི་དམག་འཁྲུག་སྐབས་སུ་རྒྱ་ནག་ལ་ཁེ་ཕན་ཆེན་པོ་འཐོབ་རྒྱུ་ཡིན་པ་དང་། རྒྱ་གར་ལ་མཚོན་ན་ཧ་ཅང་གི་ཉེན་ཁ་ཆེན་པོ་ཡིན་ཚུལ་བརྗོད་འདུག་ལ། ཕྱི་ལོ་༢༠༢༠ གྷལ་ཝན་(Galwan)ས་ཁུལ་དུ་རྒྱ་དཀར་ནག་གཉིས་བར་གདོང་ཐུག་ཤོར་རྗེས་རྒྱ་ནག་གིས་དམག་གི་རྟེན་གཞི་མང་པོ་ཞིག་ལ་ཡར་རྒྱས་གཏོང་བ་དང་། འཛུགས་སྐྲུན་ལས་གཞི་མང་དུ་སྤེལ་བ་སོགས་ཀྱིས་ས་ཁམས་ཆབ་སྲིད་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་བརྗོད་འདུག ད་ལྟ་རྒྱ་ནག་གིས་གནམ་གྲུ་འཇོག་ཡུལ་རྣམས་ལ་ཐོག་གཡབ་གསར་རྒྱག་བྱས་པ་ནི་མ་འོངས་པའི་དམག་འཁྲུག་སྐབས་སུ་གོ་མཚོན་དང་། གནམ་གྲུ་རྣམས་ལ་གཏོར་རྒོལ་མི་ཐེབ་པའི་ཆེད་དུ་ཡིན་ཚུལ་བརྗོད་འདུག
བོད་སྟོད་ཕྱོགས་ཀྱི་དིང་རི་དང་སྤུ་ཧྲེང་། ལྷུན་རྩེ་གསུམ་ལ་ཡོད་པའི་རྒྱ་ནག་གི་དམག་གི་རྟེན་གཞི་དག་ཧིན་བོད་ས་ཐིག་ནས་སྤྱི་ལེ་༥༠ ནས་༡༥༠ ནང་ཁུལ་ཡོད་དུས། དམག་འཁྲུག་སྐབས་སུ་དུས་ཐོག་རྒོལ་ལེན་སློག་ཐབས་སུ་གལ་ཆེན་པོ་ཆགས་ཀྱི་ཡོད་འདུག་ལ། རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་དང་། སི་ཀིམ། ཨུ་ཏར་པར་དྷི་ཤི། ལ་དྭགས་སོགས་ལ་ཚུར་རྒོལ་བྱེད་ཐུབ་ཀྱི་ཡོད་པ་བརྗོད་འདུག
རྒྱ་ནག་གིས་བོད་ནང་གནམ་དམག་གི་འཛུགས་སྐྲུན་ལས་གཞི་རྒྱ་ཇེ་ཆེ་དང་། སྔོན་ཐོན་ཅན་ལ་བསྒྱུར་བཞིན་པའི་སྐབས་དེར། རྒྱ་གར་གྱི་གནམ་དམག་རྟེན་གཞི་ཁག་ལ་ཐོག་གཡབ་བཟོ་རྒྱུ་ནི་དཀའ་ངལ་ཞིག་ཡིན་པ་གོང་གསལ་གནམ་དམག་གི་དམག་དཔོན་གཞོན་པ་ཟུར་པ་ཁོང་གིས་བརྗོད་འདུག་ལ། རྒྱ་ནག་གིས་ཧིན་བོད་ས་མཚམས་སུ་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་པ་དེ་ལ་གདོང་ལེན་ཆེད་དུ་ཨ་རི་དང་ཨི་སི་རེལ་གཉིས་དང་ལྷན་དུ་མི་མེད་གནམ་གྲུ་ནུས་ལྡན་དེ་འདྲ་ཞིག་བཟོ་འཆར་ཡོད་པ་བརྗོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།