ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་གསར་ཁང་གིས་“མུ་མཐུད་འཐབ་རྩོད་”བྱེད་རྒྱུའི་དམ་བཅའ་བཞག་འདུག
ཀུ་ཤུ་ཉིན་རེའི་གསར་འགྱུར་ཁང་(Apple Daily) གི་བདག་པོ་ཇེ་མཱ-ལའེ་(Jimmy Lai)རེས་གཟའ་ཟླ་བའི་ཉིན་ཕྱི་རྒྱལ་དང་ངན་པ་ལག་སྦྲེལ་བྱས་པའི་ཉེས་མིང་གཡོགས་ནས་འཛིན་བཟུང་བྱས་རྗེས། གསར་ཁང་དེས་རེས་གཟའ་མིག་མར་གྱི་ཚགས་ཤོག་གི་མདུན་ངོས་སུ་ཁོང་ལག་ལྕགས་བརྒྱབ་ནས་ཁྲིད་པའི་འདྲ་པར་བཞག་པའི་ཐོག “མུ་མཐུད་འཐབ་རྩོད་”བྱེད་རྒྱུ་ཡིན་པའི་དམ་བཅའི་ཚིག་བཀོད་དེ་འགྲེམས་སྤེལ་བྱས་འདུག
ཉེན་རྟོག་པས་ཀུ་ཤུ་ཉིན་རེའི་གསར་ཁང་གི་ལས་ཁུངས་ལ་སྔོག་བཤེར་དང་། བདག་པོ་ཇེ་མཱ-ལའེ་འཛིན་བཟུང་བྱས་ནས་ཉིན་གཅིག་ཕྱིན་པའི་རྗེས། ཀློག་པ་པོ་རྣམས་ཞོགས་པ་སྔ་པོ་ནས་གསར་ཤོག་ཉོ་བའི་ཆེད་དུ་བང་བསྒྲིགས་ནས་རྒྱབ་སྐྱོར་གྱི་རྣམ་པ་བསྟན་འདུག
ཟླ་ཤས་གོང་དུ་གཏན་ལ་ཕབ་པའི་“རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་”ནི་ཧོང་ཀོང་གྲོང་ཁྱེར་གྱི་སྨྲ་བརྗོད་རང་དབང་རྩིས་མེད་རྡོག་རོལ་གཏོང་བྱེད་ཀྱི་ལག་ཆ་ཞིག་ཏུ་འགྱུར་བཞིན་པའི་འཇིགས་སྣང་ཁྲོད། རེས་གཟའ་མིག་དམར་གྱི་ཚགས་ཤོག་གི་མདུན་ངོས་སུ་“ཀུ་ཤུ་ཉིན་རེའི་གསར་ཁང་གིས་ངེས་པར་དུ་མུ་མཐུད་འཐབ་རྩོད་བྱེད་དགོས་”ཞེས་པའི་འགོ་བརྗོད་བཀོད་པ་མ་ཟད། རྩོམ་སྒྲིག་པའི་གཏམ་དུ་“ཁ་སང་ནི་ཀུ་ཤུ་ཉིན་རེའི་གསར་ཁང་གི་ཆེས་མུན་ཐག་གི་ཉིན་མོ་དེ་འགྱུར་མི་སྲིད། དེའི་རྒྱུ་མཚན་ནི་སུན་གཙེར་དང་། བཙན་གནོན། འཛིན་བཟུང་སོགས་མུ་མཐུད་འབྱུང་ངེས་ཡིན་པས་རེད། ཡིན་ན་ཡང་། རྩོམ་པ་པོ་དང་ཀློག་པ་པོ་མང་པོ་ཞིག་གི་སྨོན་ལམ་དང་སྐུལ་ལྕག་གིས་ང་ཚོ་ལ་ཀློག་པ་པོ་ཡོད་ཕྱིན་རྩོམ་པ་པོའང་ཡོད་པའི་ཡིད་ཆེས་སྩོལ་གྱི་འདུག་ལ། ཀུ་ཤུ་ཉིན་རེའི་གསར་ཁང་གིས་མུ་མཐུད་འཐབ་རྩོད་བྱེད་ཐག་ཆོད་ཡིན་”ཞེས་བྲིས་འདུག
དེ་བཞིན་གསར་ཁང་དེ་གའི་དྲ་བའི་ངོས་སུ་དེ་རིང་རེས་གཟའ་མིག་དམར་ཉིན་དུས་རྒྱུན་གྱི་ཁ་གྲངས་འབུམ་གཅིག་མང་དུ་བཏང་ནས་ཚགས་ཤོག་འབུམ་ལྔ་ལྷག་ཙམ་པར་སྐྲུན་འགྲེམས་སྤེལ་བྱས་ཡོད་ཚུལ་བཀོད་འདུག་ལ། མི་མི་ཉུང་བ་ཞིག་ནམ་སྨད་ཀྱི་ཆུ་ཚོད་༢ ཙམ་ནས་དེ་རིང་གི་གསར་ཤོག་ཉོ་བའི་ཆེད་དུ་བང་བསྒྲིགས་པ་དང་། གསར་ཤོག་ཉོ་སའི་ཚོང་ཁང་འགའ་ཤས་ཀྱིས་ཞོགས་པ་མི་རྣམས་ལས་ཀར་འགྲོ་བའི་དུས་ནས་གསར་ཤོག་རྣམས་བྲིན་ཟིན་སྐོར་བཤད་འདུག
ལོ་ན་༤༥ ལ་སོན་པའི་ཀློག་པ་པོ་ཞིག་གིས་དེ་རིང་གི་ཚགས་ཤོག་ཉོ་ཞོར། “ཁ་སང་ཉེན་རྟོག་པས་གང་བྱས་པ་དེ་ནི་གསར་འགོད་རང་དབང་ལ་གདུག་རྩུབ་ཆེན་པོས་ཐེ་བྱུས་བྱས་པ་ཞིག་རེད། ལེགས་ཉེས་ཀྱི་བསམ་བློ་ལྡན་པའི་ཧོང་ཀོང་བ་ཚང་མས་དེ་རིང་ཧོང་ཀོང་ལ་རྒྱབ་སྐྱོར་བྱེད་དགོས་ལ། ཀུ་ཤུ་ཉིན་རེའི་གསར་ཁང་ལ་རྒྱབ་སྐྱོར་བྱེད་དགོས་”ཞེས་བརྗོད་འདུག
རྒྱ་ནག་སྐམ་ས་ཆེན་པོར་སྐྱེས་ཤིང་ལོ་ན་༡༢ ཐོག་སྐར་གཅིག་ཀྱང་མེད་པར་ཧོང་ཀོང་ལ་བྲོས་བྱོལ་དུ་ཡོང་བའི་ཕྱུག་བདག་ཇེ་མཱ-ལའེ་ནི། ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་སྐད་གྲགས་ཆེ་ཤོས་ཤིག་ཡིན་པ་མ་ཟད།། པེ་ཅིང་སྲིད་གཞུང་ལ་མཐའ་གཅིག་ཏུ་སྐྱོན་བརྗོད་བྱེད་མཁན་ཞིག་ཀྱང་ཡིན།
ཁོང་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་རྗེས། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཕོམ་ཕོའོ་(Pompeo)ཡིས་རེས་གཟའ་ཟླ་བའི་ཉིན་ཁོང་ནི་“རྒྱལ་ཞེན་བ་”ཡིན་པ་དང་། ཁོང་འཛིན་བཟུང་བྱས་པ་དེས་པེ་ཅིང་སྲིད་གཞུང་གིས་ཧོང་ཀོང་གི་རང་དབང་གཙབ་གཤག་བཏང་བ་དང་། མི་མང་གི་ཐོབ་ཐང་རྨེག་མེད་བཟོས་པ་བསྟན་ཡོད་ཅེས་གསུངས་འདུག་ལ། དེ་བཞིན་དབྱིན་ཇིའི་གཞུང་ནས་ཀྱང་ཁོང་འཛིན་བཟུང་བྱས་པ་དེ་ནི་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཞེས་པ་དེ་“རྒྱ་ནག་ལ་ངོ་རྒོལ་སྐྱོན་བརྗོད་བྱེད་མཁན་ཚོའི་ཁ་འགོག་བྱེད་ཅིག་”ཡིན་པའི་དཔང་རྟགས་འཕར་མ་ཞིག་རེད་ཅེས་བཤད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།
