ཧོང་ཀོང་གི་ཉེན་རྟོག་པས་གནམ་སྡེ་སྒོའི་དོན་རྐྱེན་རྗེས་དྲན་གྱི་འགྲེམ་སྟོན་ཁང་གཏོར་བཅོམ་བཏང་། 

ཧོང་ཀོང་གི་ཉེན་རྟོག་པས་༡༩༨༩ ལོའི་སྡེབ་གསོད་ཆེན་མོ་(Tiananmen Massacre) རྗེས་དྲན་གྱི་ལས་འགུལ་གོ་སྒྲིག་ཞུ་མཁན་རྣམས་འཛིན་བཟུང་བྱས་ནས་ཉིན་གཅིག་ཕྱིན་པའི་རྗེས། ལས་འགུལ་དེ་དང་འབྲེལ་བའི་འགྲེམ་སྟོན་ཁང་ཡང་གཏོར་བཅོམ་བཏང་ཡོད་འདུག 

བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་རེས་གཟའ་ཕུར་བུའི་ཞོགས་པར་ཧོང་ཀོང་གི་ཉེན་རྟོག་པ་གནམ་སྡེ་སྒོ་མོ་ཆེའི་སྡེབ་གསོད་ཆེན་མོ་རྗེས་དྲན་བྱེད་སའི་འགྲེམ་སྟོན་ཁང་དུ་ཡོང་ནས་གཏོར་འཕྲོག་བཅོམ་གསུམ་བྱས་ཡོད་འདུག་ལ། བརྒྱུད་ལམ་ཁག་ཏུ་བཀོད་པའི་འདྲ་པར་རྣམས་ཀྱི་ནང་དུ། ཉེན་རྟོག་པ་ཚོས་འགྲེམ་སྟོན་ཁང་གི་མཚོན་རྟགས་དང་། ཅ་དངོས་རྣམས་ཁྱེར་ནས་རླངས་འཁོར་ཆེ་བའི་ནང་དུ་བླུག་བཞིན་འདུག་ན་ཡང་། དེ་ལྟར་འགྲེམ་སྟོན་ཁང་གཏོར་སྐྱོན་གཏོང་དགོས་པའི་རྒྱུ་མཚན་གང་ཡིན་གསལ་བཤད་བྱས་མི་འདུག

ཁ་སང་རེས་གཟའ་ལྷག་པའི་ཉིན་ཉེན་རྟོག་པས་ཧོང་ཀོང་མཐུན་ཕྱོགས་(the alliance) ཀྱི་ལས་འགུལ་བ་བཞི་འཛིན་བཟུང་བྱས། ཚོགས་པ་དེས་ཕྱི་ལོ་༡༩༩༠ ལོ་ནས་ལོ་ལྟར་ཟླ་༦ པའི་ཚེས་༤ ཉིན་གནམ་སྡེ་སྒོ་མོའི་དུས་དྲན་གོ་སྒྲིག་བྱེད་ཀྱི་ཡོད་པ་དང་། ཉེ་ཆར་ཧོང་ཀོང་གི་ཉེན་རྟོག་པས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དང་བསྟུན་ནས་ཚོགས་པ་དེར་ཕྱིའི་རྒྱལ་ཁབ་ཀྱི་མྱུལ་མའི་ལས་ཀ་བྱེད་ཀྱི་ཡོད་པའི་ཉེས་འཛུགས་བྱས་པ་མ་ཟད།  ཉིན་གྲངས་༡༤ ཡི་ནང་དུ་ཚོགས་པ་དེའི་ཚོགས་མི་དང་། དཔལ་འབྱོར་ཡོང་ཁུངས། ཚོགས་པ་དེས་ཧོང་ཀོང་དང་ཐའེ་ཝན། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་ཏུ་སྲིད་དོན་གྱི་ཚོགས་འདུ་འཚོགས་པ་ལ་སོགས་པའི་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་དགོས་པ་དང་། གལ་ཏེ་བཀའ་རྒྱ་དེར་བརྩི་འཇོག་མ་བྱས་ཚེ་ཟླ་བ་དྲུག་བར་གྱི་བཙོན་འཇུག་ཁྲིམས་ཆད་གཅོད་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་ཡོད་འདུག 

འོན་ཀྱང་། ཚོགས་པ་དེས་ཉེན་རྟོག་པའི་བཀའ་རྒྱར་བརྩི་འཇོག་བྱེད་འཆར་མེད་སྐོར་བརྗོད་པ་མ་ཟད། ཉེན་རྟོག་ཁང་དུ་ཡི་གེ་བཏང་ནས་ཉེན་རྟོག་པས་ཚོགས་པའི་གནས་ཚུལ་ཞིབ་ཕྲ་ལེན་པའི་རྒྱུ་མཚན་ཡང་དག་མེད་པ་དང་། ཚོགས་པ་དེ་ཕྱིའི་རྒྱལ་ཁབ་ཀྱི་མྱུལ་མ་མ་ཡིན་པ། ཉེན་རྟོག་པས་ཚོགས་པ་དེར་དེ་ལྟར་ཉེས་འཛུགས་བྱེད་དགོས་པའི་རྒྱུ་མཚན་གསལ་བཤད་དགོས་པ་སོགས་བརྗོད་ཡོད།

སྔོན་ཆད་ཡིན་ན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་ཀྱི་སྒྲོམ་གཞིིའི་འོག་ནས་ཧོང་ཀོང་དུ་སྐམ་ས་ཆེན་མོར་མེད་པའི་སྨྲ་བརྗོད་རང་དབང་དང་། གསར་འགོད་རང་དབང་འདུས་པའི་རང་དབང་དང་། མང་གཙོའི་ཁེ་དབང་གང་འཚམ་ཡོད་པས། བོད་ཀྱི་རང་དབང་འཐབ་རྩོད་ཀྱི་འགོ་ཁྲིད་ཚོས་ཧོང་ཀོང་ལྟ་བུའི་རང་སྲིད་རང་སྐྱོང་དགོས་པའི་འདོད་ཚུལ་འདོན་མྱོང་ཡོད་རུང་། ད་ལྟ་“རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་”འོག་ནས་ཧོང་ཀོང་ཉིན་བཞིན་བོད་ལྟར་འགྱུར་བཞིན་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།