ཧོང་ཀོང་གི་མང་གཙོ་དོན་གཉེར་བྱེད་མཁན་གྱི་ཕྱུག་བདག་ཅིག་འཛིན་བཟུང་།

ཧོང་ཀོང་གི་ཉེན་རྟོག་པས་ཀུ་ཤུ་ཉིན་རེའི་གསར་འགྱུར་ཁང་(Apple Daily) གི་བདག་པོ་ཕྱུག་བདག་ཇེ་མཱ-ལའེ་(Jimmy Lai) ཕྱི་རྒྱལ་དང་ངན་པ་ལག་སྦྲེལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་པ་དང་། ཁོང་ནི་རྒྱ་ནག་གཞུང་གིས་ཟླ་ཤས་སྔོན་དུ་གཏན་ལ་ཕབ་པའི་“རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་”འོག་འཛིན་བཟུང་བྱས་པའི་མི་སྣ་སྐད་གྲགས་ཆེ་ཤོས་དེ་ཆགས་ཡོད་འདུག 

ལོ་ན་༧༡ ལ་སོན་པའི་ཕྱུག་བདག་ཇེ་མཱ-ལའེ་ནི་ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་སྐད་གྲགས་ཆེ་ཤོས་ཤིག་ཡིན་པ་མ་ཟད།། པེ་ཅིང་སྲིད་གཞུང་ལ་མཐའ་གཅིག་ཏུ་སྐྱོན་བརྗོད་བྱེད་མཁན་ཞིག་ཀྱང་ཡིན། 

པེ་ཅིང་གིས་འདི་ལོའི་ཕྱི་ཟླ་༦ ཚེས་༣༠ ཉིན་ཧོང་ཀོང་གྲོང་ཁྱེར་དུ་ཁྲིམས་གསར་པ་ཞིག་གཏན་ལ་ཕབ་སྟེ་རྒྱ་ནག་གཞུང་གི་མ་རུང་བའི་བྱ་སྤྱོད་ལ་དགག་པ་དང་སྐྱོན་བརྗོད་བྱེད་མཁན་རྣམས་ཁྲིམས་ཐོག་ནས་འཛིན་བཟུང་བྱེད་ཆོག་པ་བཟོས་རྗེས། མང་གཙོའི་ལས་འགུལ་བ་དང་ངོ་རྒོལ་བ་རྣམས་འཛིན་བཟུང་བཀག་ཉར་བྱེད་འགོ་བརྩམས་པ་མ་ཟད། དེ་རིང་རེས་གཟའ་ཟླ་བའི་ཉིན་ཀུ་ཤུ་ཉིན་རེའི་གསར་འགྱུར་ཁང་གི་བདག་པོ་ཁོང་འཛིན་བཟུང་བྱས་པ་དེས། རྒྱ་ནག་གཞུང་གིས་ཧོང་ཀོང་རྩིས་ལེན་རྩིས་སྤྲོད་སྐབས་ཁས་ལེན་བྱས་པའི་གསར་འགོད་རང་དབང་དང་། རང་དབང་གཞན་རྣམས་རྩིས་མེད་རྡོག་རོལ་གཏོང་བཞིན་པ་བསྟན་པས། ནུབ་ཕྱོགས་རྒྱལ་ཁབ་རྣམས་དང་། ལས་འགུལ་བ་དག་གི་སེམས་འཚབ་སྔར་བས་ཀྱང་ཆེ་རུ་འགྱུར་བཞིན་ཡོད་འདུག 

ཕྱུག་བདག་ཁོང་འཛིན་བཟུང་བྱས་པའི་གནད་དོན་དང་འབྲེལ་བའི་ཐད་ལ། རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པའི་(The Committee to Protect Journalists) ཨེ་ཤི་ཡའི་འབྲེལ་མཐུད་པ་སི་ཊི་ཝན-བྷ་ཋི་ལར་(Steven Butler) གྱིས་བརྗོད་དོན། “གནས་ཚུལ་འདིས་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཞེས་པ་དེ་མང་གཙོའི་བསམ་བློར་དྲག་གནོན་དང་། གསར་འགོད་རང་དབང་སྟངས་འཛིན་བྱེད་པའི་ཐོག་ཏུ་བེད་སྤྱོད་གཏོང་རྒྱུའི་འཇིགས་སྣང་ཆེ་ཤོས་དེ་ར་སྤྲོད་བྱེད་ཀྱི་ཡོད། ཇེ་མཱ-ལའེ་འཕྲལ་དུ་གློད་གྲོལ་གཏོང་དགོས་ལ། ཁོང་ལ་བཀལ་བའི་ཉེས་པ་ཚང་མ་མེད་པ་ཆགས་ཡང་གཏོང་དགོས།”

བཅའ་ཁྲིམས་གསར་པ་དེའི་འོག རྒྱ་ནག་གཞུང་གིས་གང་ཞིག་ཕྱིའི་རྒྱལ་ཁབ་དང་ལག་འབྲེལ་དང་། ཁ་བྲལ་རིང་ལུགས། འཇིགས་སྐུལ་རིང་ལུགས། སྲིད་གཞུང་མགོ་རྟིང་སློག་པའི་བྱ་སྤྱོད་དུ་མཐོང་བ་རྣམས་ཁྲིམས་ཐོག་ནས་ཉེས་ཆད་གཅོད་ཆོག་གི་ཡོད། 

ཕྱུག་བདག་ཇེ་མཱ-ལའེ་ནི་ཨ་རིའི་རྒྱལ་ས་ཝ་ཤིན་ཏྲོན་དུ་ཡང་ཡང་སྐྱོད་མཁན་ཞིག་ཡིན་པ་དང་། ཁོང་གིས་ཕྱི་སྲིད་དྲུང་ཆེ་ཕོམ་ཕོའོ་(Pompeo)ལྟ་བུའི་ཨ་རིའི་འགོ་ཁྲིད་རྣམས་དང་མཇལ་འཕྲད་བྱས་ཏེ་ཧོང་ཀོང་གི་མང་གཙོར་རྒྱབ་སྐྱོར་འཚོལ་མཁན་ཞིག་ཡིན་པས། པེ་ཅིང་སྲིད་གཞུང་གིས་ཁོང་ལ་“རྒྱལ་འཚོང་བ་”ཞེས་པའི་མཚང་མིང་ཞིག་བཏགས་ཡོད་འདུག 

ཀུ་ཤུ་ཉིན་རེའི་གསར་འགྱུར་ཁང་གིས་མང་གཙོ་དོན་གཉེར་མཁན་གྱི་ཕྱུག་བདག་ཁོང་དང་། ཁོང་གི་བུ་གཅིག་རེས་གཟའ་ཟླ་བའི་ཞོགས་པར་ཉེན་རྟོག་པས་རང་ཁྱིམ་ནས་འཛིན་བཟུང་བྱས་པའི་གནས་ཚུལ་སྤེལ་བའི་ཁར། ངོ་དེབ་བརྒྱུད་དེ་ཉེན་རྟོག་པ་རྣམས་གསར་ཁང་དུ་འཛུལ་ནས་དེ་གའི་ལས་མི་ཚོའི་གནས་ཚུལ་ཞིབ་བཤེར་བྱེད་བཞིན་པའི་གནས་ཚུལ་ཐད་གཏོང་བྱས་འདུག 

དེ་བཞིན་དེ་རིང་རེས་གཟའ་ཟླ་བའི་སྔོན་དུ་ཧོང་ཁོང་གི་བཅའ་ཁྲིམས་གསར་པ་དེའི་འོག་མི་༡༥ འཛིན་བཟུང་བྱས་ཟིན་པའི་ནང་། ལོ་ན་༡༦ ནས་༢༡ བར་གྱི་ན་གཞོན་བཞི་ཡོད་འདུག་ཅིང་། ཁོ་ཚོ་བཞི་པོ་སྤྱི་ཚོགས་དྲ་ལམ་དུ་ཁྲིམས་འགལ་གྱི་གནས་ཚུལ་སྤེལ་བའི་ཉེས་མིང་འོང་འཛིན་བཟུང་བྱས་འདུག 

ཧོང་ཀོང་གི་ཁྲིམས་གསར་པ་དེས་ཧོང་ཀོང་ཡོངས་སུ་འཇིགས་སྣང་ཚད་མེད་བསླངས་ཏེ་མི་མང་གི་ཉིན་རེའི་འཚོ་བའི་ཆ་ཤས་མང་པོ་ཞིག་ལ་བརྡབ་གསིག་ཐེབས་ཡོད་འདུག་སྟེ། ལས་འགུལ་བ་ལ་ལ་ཕྱི་རྒྱལ་དུ་བྲོས་བྱོལ་ལ་ཕྱིན་པ་དང་། གཞན་རྣམས་ཀྱིས་སོ་སོའི་ཚོགས་པ་མེད་པ་བཟོས་པའི་ཐོག ཧོང་ཀོང་གཞུང་ནས་སྔར་གྱི་འབོད་ཚིག་རྣམས་ཁྲིམས་འགལ་ཡིན་ཚུལ་བསྒྲགས་པ་མ་ཟད། སློབ་གྲྭའི་ནང་དུ་ཆབ་སྲིད་དང་འབྲེལ་བའི་གཞས་དང་ལས་འགུལ་སྤེལ་མི་ཆོག་པ་དང་། དཔེ་མཛོད་ཁང་ནས་རྒྱ་ནག་གི་ལྟ་སྤྱོད་དང་འགལ་བའི་དེབ་དག་ཕྱིར་ལེན་པ་སོགས་བྱེད་ཀྱི་ཡོད་སྟབས། ཧོང་ཀོང་ནི་ཉིན་རེ་བཞིན་རྒྱ་ནག་གི་གྲོང་ཁྱེར་གཞན་དག་ལྟར་འགྱུར་བཞིན་འདུག 

ཨ་རིས་བདུན་ཕྲག་གོང་མའི་རེས་གཟའ་པ་སངས་ཉིན་གྲོང་ཁྱེར་སྤྱི་ཁྱབ་དཔོན་ཁེ་རཱ-ལམ་(Carrie Lam) གྱིས་གཙོ་པའི་ཧོང་ཀོང་གི་དཔོན་པོ་མཐོ་གྲས་དགུ་ལ་སྲིད་དོན་གྱི་ཉེས་ཆད་བཀལ་བ་དང་། དེའི་ཉེས་པ་ལ་ཁོ་ཚོས་གྲོང་ཁྱེར་དེ་གའི་ཆབ་སྲིད་ཀྱི་རང་དབང་རྩིས་མེད་རྡོལ་རོལ་བཏང་བས་ཡིན་ཞེས་བསྒྲགས་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།