ཧོང་ཀོང་གི་ལས་འགུལ་བ་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཧོང་ཀོང་ཁྲིམས་ཁང་གིས་མང་གཙོའི་ལས་འགུལ་བ་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད་ནས། ཁྲིམས་ཆད་དེ་དག་ནི་སྤྱི་དམངས་ཀྱི་ཁེ་ཕན་སྲུང་སྐྱོབ་ཆེད་དུ་ཡིན་སྐོར་བརྗོད་ཡོད་འདུག
ཟླ་༡༢ པའི་ཚེས་༣ ཉིན་ཧོང་ཀོང་གི་ཁྲིམས་ཁང་ཞིག་གིས་མང་གཙོ་ལས་འགུལ་བ་(Joshua Wong) ལ་ཁྲིམས་འགལ་གྱི་འདུ་འཛོམས་བརྒྱུད་སྐུལ་དང་མཉམ་ཞུགས་བྱས་པའི་ནག་ཉེས་འོག་ཟླ་བ་༡༣.༥ བཙོན་འཇུག་ཁྲིམས་ཐག་བཅད་འདུག་པ་དང་། (Agnes Chow) ལ་ཁྲིམས་འགལ་གྱི་འདུ་འཛོམས་བརྒྱུད་སྐུལ་དང་མཉམ་ཞུགས་བྱས་པའི་ནག་ཉེས་འོག་ཟླ་བ་༡༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཁར། ལས་འགུལ་བ་(Ivan Lam)ལ་ངོ་རྒོལ་ལས་འགུལ་བརྒྱུད་སྐུལ་གྱི་ནག་ཉེས་འོག་ཟླ་བ་༧ གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཁྲིམས་ཁང་གི་མདུན་དུ་མང་གཙོ་ལས་འགུལ་བ་གསུམ་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཕྲག་ཁ་ཤས་འཛོམས་ཡོད་འདུག་པ་དང་། རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་ལས་འགུལ་བ་གྲངས་ཉུང་ཉུང་ཞིག་ཀྱང་འཛོམས་ཡོད་འདུག
ལས་འགུལ་བ་གསུམ་པོ་ཟླ་༡༡ པའི་ཚེས་༢༣ ཉིན་ནས་ཟླ་༡༢ པའི་ཚེས་༣ བར་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་དང་། ཚེས་༣ ཉིན་བཙོན་ཁང་ནས་ཐད་ཀར་ཁྲིམས་ཁང་དུ་ཁྲིད་ཡོད་འདུག ཐེངས་འདིའི་བཙོན་འཇུག་ཁྲིམས་ཐག་འདི་དང་བསྟུན་ནས་ལས་འགུལ་བ་(Joshua Wong) ལ་བཙོན་འཇུག་བྱས་པ་ཐེངས་༤ པ་དེ་ཆགས་ཀྱི་ཡོད་པ་དང་ད་བར་ཁོང་ལ་བཙོན་འཇུག་དུས་ཡུན་རིང་ཤོས་དེ་ཆགས་ཀྱི་འདུག
ཁྲིམས་ཁང་གི་ཁྲིམས་ཆད་བཏང་བའི་ཡིག་ཆའི་ནང་དུ། བཙོན་འཇུག་ཁྲིམས་ཆད་དེ་དག་ནི་སྤྱི་དམངས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཆེད་ཡིན་སྐོར་བརྗོད་ཡོད་འདུག ཁྲིམས་དཔོན་གྱིས་ཁྲིམས་ཆད་གསལ་བསྒྲགས་བྱས་སྐབས་སུ། ཁྲིམས་ཁང་གིས་སྤྱི་དམངས་སྲུང་སྐྱོབ་དང་། ཉེས་ཆད་གཏོང་བ། མ་འོངས་པར་གནད་དོན་དེ་རིགས་མ་ཡོང་སྔོན་འགོག་དང་སྐྱོན་བརྗོད་སོགས་ཀྱི་གནད་དོན་མང་པོ་ཞིག་ལ་བསམ་ཞིབ་བྱེད་དགོས་བྱུང་བ། ལས་འགུལ་བ་གསུམ་པོས་ལས་འགུལ་བ་གཞན་ལ་ཉེན་རྟོག་ལས་ཁང་མཐའ་སྐོར་བའི་བརྒྱུད་སྐུལ་བྱས་ཡོད་ཁར། ཉེན་རྟོག་རུ་ཁག་ལ་རྩིས་མེད་གཏོང་བའི་འབོད་སྒྲ་བསྒྲགས་ཡོད་པ། འཕྲལ་དུ་བཙོན་འཇུག་བྱེད་རྒྱུ་ནི་འདམ་ག་གཅིག་པུ་དེ་ཡིན་སྐོར་བརྗོད་ཡོད་འདུག
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཧོང་ཀོང་གཞུང་གིས་སླར་ཡང་སྨྲ་བརྗོད་རང་དབང་ལོངས་སྤྱོད་བྱས་ནས་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་མཁན་ལ། ཆབ་སྲིད་ཀྱི་ཀུན་སློང་ལྡན་པའི་ཉེས་འཛུགས་བྱས་ནས་བཙན་གནོན་བྱས་ཡོད་པ་དང་། འགོ་ཁྲིད་གཅིག་མངོན་གསལ་མེད་པའི་ཧོང་ཀོང་གི་ལས་འགུལ་ནང་དུ་སྙན་གྲགས་ཡོད་པའི་ལས་འགུལ་བར་དམིགས་འབེན་བཟུང་ནས། ཧོང་ཀོང་གཞུང་གིས་གཞན་ལ་ཉེན་བརྡ་གཏོང་གི་ཡོད་སྐོར་བརྗོད་འདུག
དེ་ཡང་ལས་འགུལ་གསུམ་པོ་ལོ་སྔོན་མའི་ཟླ་དྲུག་པའི་ནང་ལས་འགུལ་བ་སྟོང་ཕྲག་མང་པོས་དབུས་ཉེན་རྟོག་ཁང་མཐའ་སྐོར་བྱས་ནས། འཛིན་བཟུང་བྱས་པའི་ལས་འགུལ་བ་རྣམས་གློད་གྲོལ་དགོས་པའི་ངོ་རྒོལ་སྐད་འབོད་བྱ་སར་ཡོད་པ་རེད་འདུག ཧོང་ཀོང་གཞུང་གི་ཁྲིམས་རྩོད་པས་མང་གཙོའི་ལས་འགུལ་བ་(Joshua Wong, Ivan Lam, Agnes Chow) བཅས་ལ། ལོ་སྔོན་མའི་ཟླ་༦ པའི་ནང་ཁྲིམས་འགལ་གྱི་འདུ་འཛོམས་བརྒྱུད་སྐུལ་དང་མཉམ་ཞུགས་བྱས་པར་ཉེས་འཛུགས་ཀྱིས་ཁྲིམས་གཏུག་བྱས་ཡོད་པ་དང་། འདི་ལོའི་ཟླ་༧ པའི་ནང་ལས་འགུལ་བ་(Agnes Chow) ཡིས་ཁྲིམས་ཁང་དུ་ཉེས་འཛུགས་རྣམས་ཁས་ལེན་བྱས་ཟིན་འདུག་པ་དང་། ཟླ་༡༡ ནང་ལས་འགུལ་བ་གཞན་གཉིས་ཀྱིས་སོ་སོའི་ཁྲིམས་རྩོད་པ་དང་གྲོས་སྡུར་དང་། ཁོང་གཉིས་ལ་གཞུང་གི་ཁྲིམས་རྩོད་པར་ཡོད་པའི་དཔང་རྟགས་རྣམས་ལ་ལྟ་ཞིབ་བྱས་རྗེས། ཉེས་འཛུགས་དེ་དག་ཁས་ལེན་བྱས་ཡོད་པ་རེད་འདུག
ལས་འགུལ་བ་ཇཱོ་ཤེ་ཝ་ཝང་ནི་རྒྱལ་སྤྱིའི་ནང་མང་གཙོའི་ལས་འགུལ་བ་སྐད་གྲགས་ཅན་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༤ ལོར་ཧོང་ཀོང་ནང་ཉི་གདུག་གི་མང་གཙོའི་ལས་འགུལ་ཆེན་མོ་སྐབས་སུ་ན་གཞོན་འགོ་ཁྲིད་པ་ཞིག་ཡིན་པ་རེད། དེ་ལ་བརྟེན་ནས་བཙོན་ཁང་ནང་དུ་ཡང་འགྲོ་མྱོང་ཡོད་པ་རེད། ཟླ་༦ པའི་ཚེས་༣༠ ཉིན་རྒྱ་ནག་གིས་ཧོང་ཀོང་ནང་དུ་བཙན་དབང་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་གཏན་འབེབས་བྱས་རྗེས། ཧོང་ཀོང་གི་མང་གཙོ་ལས་འགུལ་བའི་ན་གཞོན་འགོ་ཁྲིད་དང་མང་གཙོ་དོན་གཉེར་བའི་སྲིད་དོན་ཚོགས་པ་(Demosisto) གསར་འཛུགས་བྱེད་མཁན་ཁོངས་སུ་ཡོད་པའི་ལས་འགུལ་བ་Joshua Wong, Nathan Law, Jeffrey Ngo and Agnes Chow བཅས་ཀྱིས། སྲིད་དོན་ཚོགས་པ་དེ་ནས་རྩ་དགོངས་ཞུ་རྒྱུའི་གསལ་བསྒྲགས་ངོ་དེབ་ཐོག་ཏུ་བྱས་ཡོད་འདུག སྲིད་དོན་ཚོགས་པ་དེ་ཕྱི་ལོ་༢༠༡༦ ལོར་གསར་འཛུགས་ཀྱིས་གྲོས་ཚོགས་འོས་བསྡུའི་ནང་མང་གཙོ་དོན་གཉེར་བའི་འོས་མི་འདོན་རྒྱུ་བྱས་ཡོད་ཀྱང་། འོས་བསྡུ་ལས་ཁང་གིས་སྲིད་དོན་ཚོགས་པ་དེའི་རང་ཐག་རང་གཅོད་ཀྱི་ལངས་ཕྱོགས་ཐེར་འདོན་གྱིས། སྲིད་དོན་ཚོགས་པ་དེའི་ཚོགས་མི་རྣམས་འོས་འགྲན་བྱ་བཅུག་མེད་པ་རེད། ཁོང་གསུམ་གྱི་བྱ་སྤྱོད་དེ་ཧོང་ཀོང་ནང་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་བཙན་གྱིས་ལག་བསྟར་མ་བྱས་པའི་སྔོན་དུ་ཡིན་པས། ཁྲིམས་དེའི་འོག་ཏུ་ཁྲིམས་ཐག་བཅད་མེད་འདུག་པ་དང་། གལ་ཏེ་དེ་ལྟར་བྱས་ཚེ་ཚེ་བཙོན་ཁྲིམས་ཆད་ཕོག་ཉེན་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།