ཧོང་ཀོང་འོས་བསྡུ་ལས་ཁང་གིས་རང་བཙན་དོན་གཉེར་བར་བཀག་འགོག
ཧོང་ཀོང་འོས་བསྡུ་ལས་ཁང་གིས་ཧོང་ཀོང་གྲོས་ཚོགས་འོས་མིའི་ནང་། ཧོང་ཀོང་རང་བཙན་དོན་གཉེར་བ་མཉམ་ཞུགས་བྱེད་མ་བཅུག་པར་བཀག་འགོག་བྱས་འདུག་པས། ལས་ཁང་དེའི་གསར་འགོད་ལྷན་ཚོགས་སྐབས། ལས་འགུལ་བ་ཁག་ཅིག་གིས་ངོ་རྒོལ་བྱས་ཏེ། ལྷན་ཚོགས་འཚོགས་མ་ཐུབ་པར། དུས་ཐུང་ནང་མཚམས་འཇོག་བྱས་འདུག
དེ་ཡང་ཟླ་འདིའི་ཚེས་༣ ཉིན་གྱི་ཧོང་ཀོང་གི་ལྷོ་རྒྱ་ནག་ཞོགས་འཕྲིན་གསར་ཤོག་གིས་གནས་ཚུལ་སྤེལ་གསལ། ཟླ་༩ ཚེས་༤ ཉིན་འོས་བསྡུ་བྱེད་རྒྱུ་ཡིན་པའི་ཧོང་ཀོང་གི་གྲོས་ཚོགས་སམ་ཁྲིམས་བཟོ་ལྷན་ཚོགས་ཀྱི་འོས་བསྡུར། འོས་བསྡུ་ལས་ཁང་གིས་ད་བར་རང་བཙན་དོན་གཉེར་བ་༦ འོས་མིར་བཞུགས་མ་བཅུག་པར་བཀག་འགོག་བྱས་ཡོད་པ་དང་། ཐེངས་འདིར་སྐུ་ཞབས་Edward Leung Tin-kei ཀྱིས་རང་ཉིད་འོས་མིར་ཞུགས་རྒྱུ་ཡིན་པའི་སྙན་ཞུ་མ་སྤྲད་པའི་སྔོན་དུ། རང་བཙན་གྱི་ལངས་ཕྱོགས་འཛིན་གྱི་མེད་སྐོར་ཁྱབ་བསྒྲགས་བྱས་ཡོད་འདུག་ཀྱང་། འོས་བསྡུ་ལས་ཁང་གིས་ཁོང་ད་ལྟ་ཡང་རང་བཙན་དོན་གཉེར་བ་ཡིན་སྐོར་བརྗོད་ནས། ཁོང་འོས་མིར་ཞུགས་རྒྱུ་བཀག་འགོག་བྱས་ཡོད་འདུག སྤྱིར་བཏང་ཁོང་དེ་སྔོན་ནས་ཧོང་ཀོང་གི་རང་བཙན་དོན་གཉེར་བ་ཞིག་ཡིན་འདུག་ཀྱང་། ཉེ་བའི་ཆར་གྲོས་ཚོགས་འོས་མིར་ཞུགས་ཐབས་སུ་རང་བཙན་ལངས་ཕྱོགས་མིན་སྐོར་བརྗོད་ཡོད་འདུག
ལས་འགུལ་བ་ཁག་ཅིག་གིས་འོས་བསྡུ་ལས་ཁང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་བསྟུན་ནས་འོས་མིར་དབྱེ་འབྱེད་དང་བཀག་འགོག་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་འདུག་པ་དང་། སྐུ་ཞབས་ Leung ཡིས་ཁོང་བཀག་འགོག་བྱས་པའི་ཐག་གཅོད་དེ་ཁྲིམས་དང་བསྟུན་པ་མིན་པར། གང་ཟག་གིས་ཐག་གཅོད་བྱས་པ། དེ་བཞིན་འོས་བསྡུ་དེ་གཞུང་གིས་བརྒྱུད་སྐུལ་བྱེད་ཀྱི་ཡོད་པས། འོས་བསྡུའི་རྗེས་ཞུ་གཏུགས་བྱེད་རྒྱུ་ཡིན་སྐོར་གསར་འགོད་པ་ཚོར་བརྗོད་འདུག
ཟླ་༧ པའི་ཚེས་༢༧ ཉིན་གྱི་ཧོང་ཀོང་གི་ལྷོ་རྒྱ་ནག་ཞོགས་འཕྲིན་གསར་ཤོག་སྟེང་དུ། ཧོང་ཀོང་འོས་བསྡུ་ལས་ཁང་གིས་གྲོས་ཚོགས་འོས་མིར་ལངས་སྐབས་སུ། འོས་མི་ཚང་མས་ཧོང་ཀོང་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་བྱེད་པའི་མིང་རྟགས་བཀོད་དགོས་པའི་ཁྲིམས་གསར་པ་བཟོས་ཡོད་འདུག་པ་དང་། སྐུ་ཞབས་ Leung ཡིས་དེ་དང་འབྲེལ་ནས་མཐོ་རིམ་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་བྱས་འདུག་ཀྱང་། སྐབས་དེར་འོས་མི་གཅིག་ཀྱང་བཀག་སྡོམ་བྱས་མེད་པས། ཁྲིམས་གསར་དེར་ཞིབ་འཇུག་བྱེད་དགོས་པ་མ་མཐོང་སྐོར་བརྗོད་ཡོད་འདུག །
ཉེ་བའི་ཆར་ཧོང་ཀོང་ནང་གི་གསར་འགོད་རང་དབང་དང་འོས་བསྡུའི་རང་དབང་སོགས་ལ་རྒྱ་ནག་སྐམ་ས་ཆེན་པོའི་གཞུང་གིས་གནོན་ཤུགས་སྤྲོད་ཀྱི་ཡོད་པས། མི་མང་ནས་ངོ་རྒོལ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
