ཧྥ་རན་སི་ལ་མི་མང་དང་ཉེན་རྟོག་པའི་བར་གྱི་གདོང་ཐུག
ཧྥ་རན་སིའི་རྒྱལ་ས་པེ་རི་སི་ལ་མི་མང་ངོ་རྒོལ་བ་ཚོས་ཚོང་ཁང་མང་པོ་གཏོར་བཅོམ་བྱས་པ་དང་རླངས་འཁོར་དུ་མ་ཞིག་མེར་བསྲེག་བཏང་བ་སོགས་ཀྱི་གནས་ཚུལ་ཁྲོད། ད་ལྟའི་ཆར་མི་གྲངས་༦༦༧ ལྷག་འཛིན་བཟུང་བྱས་ཡོད་འདུག
ཟླ་འདིའི་ཚེས་༣༠ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཧྥ་རན་སི་ལ་ཉེན་རྟོག་པ་དང་མི་མང་ངོ་རྒོལ་བ་ཕན་ཚུན་གདོང་ཐུག་བྱུང་ནས་ད་བར་མི་གྲངས་༦༦༧ ལྷག་འཛིན་བཟུང་བྱས་ཡོད་པ་དང་། མི་མང་ངོ་རྒོལ་བ་ཚོས་ཧྥ་རན་སིའི་རྒྱལ་ས་པེ་རི་སིའི་ནང་ཚོང་ཁང་མང་པོ་གཏོར་བཅོམ་བྱས་པ་དང་རླངས་འཁོར་དུ་མ་ཞིག་མེར་བསྲེག་བཏང་བར་བརྟེན། ད་ལྟའི་ཆར་ཧྥ་རན་སིའི་ཁྱོན་ཡོངས་ལ་ཉེན་རྟོག་པ་༤༠༠༠༠ ལྷག་འགྲེམས་འཇོག་བྱས་ཡོད་འདུག

ཟླ་འདིའི་ཚེས་༢༨ ནས་མི་མང་གིས་ཧྥ་རན་སིའི་རྒྱལ་ས་གཙོས་པའི་ལེ་ཡོམ་(Lyon)་དང་ལི་ལེ་(Lille) སོགས་ས་ཁུལ་མང་པོའི་ནང་དྲག་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། འདས་པའི་ཉིན་གྲངས་གསུམ་གྱི་རིང་དྲག་རྒོལ་བ་ཚོས་གཞུང་འབྲེལ་ཐོག་བརྩེགས་ཁང་པ་༡༠༠ ལྷག་ལ་ཆག་སྐྱོན་བཏང་ཡོད་པ་མ་ཟད། ཉེན་རྟོག་པ་༢༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག
ཟླ་འདིའི་ཚེས་༢༨ ཉིན་བྱང་ཨ་ཧྥི་རི་ཁ་ནས་ཡིན་པའི་ནཱ་ཧེལ་ཨེམ་ (Nahel M) ཟེར་བའི་གཞོན་པ་ཞིག་གིས་འགྲིམ་འགྲུལ་ས་ཚིགས་སུ་རླངས་འཁོར་གཏོང་མཚམས་མ་བཞག་པར་འབྲོ་བཞིན་པའི་སྐབས་སུ་ཉེན་རྟོག་པས་མེ་མདའ་བརྒྱབ་པར་བརྟེན། ཁོང་ཉིད་འདས་གྲོངས་སུ་ཕྱིན་ཡོད་འདུག
ཁོང་ཉིད་འབྲོ་བཞིན་པའི་སྐབས་སུ་ཉེན་རྟོག་པས་མེ་མདའ་བརྒྱབ་པའི་གནས་ཚུལ་དག་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ་པས་སྐབས་དེར་མི་གྲངས་༣༠༠ ལྷག་ཉེན་རྟོག་ལས་ཁུངས་ཀྱི་མདུན་དུ་ཡོང་ནས་ངོ་རྒོལ་བྱས་འདུག
འདས་པོའི་ནང་མིས་ཉེན་རྟོག་པ་དེ་ཉིད་ཧྥ་རན་སིའི་གཞུང་ལ་ཁྲིམས་གཏུག་བྱས་ཡོད་འདུག་ལ། ཧྥ་རན་སིའི་སྲིད་འཛིན་གྱིས་ཀྱང་འདས་པོའི་ནང་མི་ལ་གདུང་སེམས་མཉམ་བསྐྱེད་ཞུས་ཡོད་འདུག
ཕྱི་ལོ་༢༠༢༢ ལོར་ཧྤ་རན་སི་ལ་འགྲིམ་འགྲུལ་ས་ཚིགས་སུ་རླངས་འཁོར་གཏོང་མཚམས་མ་བཞག་པར་བྲོས་པའི་རྐྱེན་གྱིས་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་བསད་པའི་གནས་ཚུལ་ཐེངས་༡༣ བྱུང་ཡོད་འདུག ཨ་རི་དང་བསྡུར་ན་ཧྥ་རན་སིའི་ནང་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་ཤི་རྨས་བྱུང་བའི་གནས་ཚུལ་ཧ་ཅང་ཉུང་ཉུང་ཆགས་ཀྱི་ཡོད་འདུག
ཕྱི་ལོ་༢༠༠༥ ལོར་ཧྥ་རན་སི་ལ་གཞོན་སྐྱེས་ལོ་ན་༡༥་ལོན་པ་དང་༡༧ སོན་པ་གཉིས་ལ་ཤི་རྨས་བྱུང་བར་བརྟེན། མི་མང་གིས་བདུན་ཕྲག་གསུམ་རིང་དྲག་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
