ཨ་རི་དང་གྷེ་རི་སེ་སོགས་ལ་མེའི་གནོད་འཚེ་ཚབས་ཆེན་འབྱུང་བཞིན་འདུག
གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་འཛམ་གླིང་གི་ཚ་དྲོད་འཕར་གྱི་ཡོད་པ་དང་བསྟུན། རྒྱལ་ཁབ་ཁག་ཅིག་ལ་ལོ་ལྟར་མེའི་གནོད་འཚེ་འབྱུང་གི་ཡོད་དང་ཁག་ཅིག་ལ་གསར་དུ་འབྱུང་གི་ཡོད་འདུག ད་ལྟའི་ཆར་ཨ་རི་དང་ཡུ་རོབ་ཀྱི་རྒྱལ་ཁབ་གྷེ་རི་སེ། དེ་བཞིན་ཏུར་ཀི་སོགས་ལ་མེའི་གནོད་འཚེ་ཚབས་ཆེན་འབྱུང་བཞིན་འདུག
ཟླ་༨ པའི་ཚེས་༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ད་ལྟའི་ཆར་ཡུ་རོབ་ཀྱི་རྒྱལ་ཁབ་གྷེ་རི་སེར་ཚ་དྲོད་ཤིན་ཏུ་རྒྱས་ནས་ལོ་ངོ་༣༠ ནང་བྱུང་མྱོང་མེད་པའི་གནམ་གཤིས་ཚ་དྲོད་ཆེན་པོ་ཆགས་ནས། ཚ་དྲོད་ཆེ་ཤོས་ཚད་རིམ་༤༥ སཱེལ་ཤི་སེ་ལ་སླེབས་པ་བྱུང་ཡོད་པས། འདས་པའི་ཉིན་ཤས་རིང་ནས་རྒྱལ་ཁབ་དེའི་མངའ་ཁུལ་མང་པོ་ཞིག་གི་ཤིང་ནགས་སུ་མེ་ཤོར་ནས་ཉེ་འཁོར་གྱི་མི་དང་སྲོག་ཆགས། མཁར་དངོས་སོགས་ལ་གནོད་འཚེ་ཐེབས་བཞིན་འདུག
ལྷག་པར་དུ་གྷེ་རི་སེའི་གླིང་ཕྲན་ཨཱི་ཝི་ཡ་ཞེས་པ་དེར་མེ་ཆེན་པོ་འབར་བཞིན་ཡོད་ཁར། གནམ་གཤིས་སྐམ་པོ་དང་རླུང་ཤུགས་ཆེན་པོ་རྒྱག་བཞིན་ཡོད་པས། མེ་ཆེ་རུ་ཕྱིན་ནས་གྲོང་གསེབ་ཁག་ལ་ཉེན་ཁ་ཆེན་པོ་ཆགས་པ་བསྟུན། མི་མང་༢༠༠༠ ལས་མང་བ་ཉེན་གཡོལ་བྱས་ཟིན་འདུག ད་ལྟའི་ཆར་མེ་ཆུང་དུ་འགྲོ་བའི་རྣམ་པ་གང་ཡང་མེད་རྐྱེན། མེ་གསོད་ཆེད་དུ་རོགས་པ་གང་ཡོང་སློང་བཞིན་འདུག་པས། ཧྥ་རན་སི་དང་འཇར་མན། དབྱིན་ཡུལ་སོགས་ཀྱིས་རོགས་པ་བྱེད་བཞིན་ཡོད་འདུག
དེ་བཞིན་ཏུར་ཀི་རྒྱལ་ཁབ་ཀྱི་ས་གནས་མང་པོ་ཞིག་ཏུ་ཡང་མེ་ཆེན་པོ་འབར་བཞིན་འདུག་པ་དང་། ད་བར་ས་གནས་མི་འདྲ་བ་༢༡༧ ལྷག་ཏུ་མེ་གསོད་ཐུབ་པ་བྱུང་འདུག་ཀྱང་། ས་གནས་༦ ལ་མེ་འབར་བཞིན་ཡོད་འདུག ད་བར་མི་༦ གི་ཚེ་སྲོག་ཤོར་ཡོད་ཁར། མི་མང་སྟོང་ཕྲག་མང་པོ་ཉེན་གཡོལ་ཆེད་ས་གནས་གཞན་དུ་བྲོས་བྱོལ་བྱེད་དགོས་བྱུང་འདུག
ད་ལྟའི་ཆར་ཨ་རིའི་མངའ་སྡེ་ཁཱེ་ལི་ཧྥོ་ནི་ཡ་ནང་དུ་མེ་མི་འདྲ་བ་༡༡ འབར་བཞིན་འདུག་པ་དང་། དེའི་ནང་ནས་ཚབས་ཆེ་ཤོས་ནི་ཟླ་༧ པའི་ཚེས་༡༣ ཉིན་ནས་ད་བར་འབར་བཞིན་འདུག དེས་ད་ལྟ་བར་དུ་ས་ཁྱོན་ཨེ་གར་༤༦༣༠༠༠ ལས་མང་བར་གཏོར་སྐྱོན་བཏང་འདུག མངའ་སྡེ་དེའི་ལོ་རྒྱུས་ནང་མེ་དེ་ཚབས་ཆེ་ཤོས་གཉིས་པར་ངོས་འཛིན་གྱིས་མེ་གསོད་ཐབས་གང་ཡོང་བྱེད་བཞིན་ཡོད་ཀྱང་། ད་ལྟའི་ཆར་མེའི་བརྒྱ་ཆ་༢༡ མ་གཏོགས་གསོད་ཐུབ་མེད་པ་དང་། མེ་དེ་གསོད་པར་ཉུང་མཐར་བདུན་ཕྲག་ཁ་ཤས་འགོར་རྒྱུའི་ཚོད་དཔག་བྱེད་བཞིན་འདུག མེ་གསོད་མི་སྣ་༥༠༠༠ ལས་མང་བས་མེ་དེ་གསོད་ཐབས་བྱེད་བཞིན་ཡོད་འདུག
ད་ལྟའི་ཆར་ཨ་རིའི་མངའ་སྡེ་༡༥ ཡི་ནང་དུ་མེའི་གནོད་འཚེ་འབྱུང་བཞིན་ཡོད་པ་དང་། ཁེ་ལི་ཧྥོ་ནི་ཡ་མངའ་སྡེའི་སྤྱི་ཁྱབ་དཔོན་གྱིས་མེའི་གནོད་འཚེ་དེ་རིགས་ནི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཡིན་པ་ཁས་ལེན་བྱེད་དགོས་སྐོར་བརྗོད་འདུག
ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་ནང་དུ། གོ་ལའི་གནམ་གཤིས་འགྱུར་ལྡོག་ཅེས་པ་དེ་ནི་རྫུན་ཡིན་པར་ངོས་འཛིན་བྱེད་མཁན་མང་པོ་ཞིག་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།