ཨ་རི་དང་རྒྱ་ནག་གི་སྲིད་འཛིན་ཐུག་འཕྲད་དང་ཨ་རིའི་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་དགོས་པའི་བཀའ་བཏང་བ།

ཨ་རི་དང་རྒྱ་ནག་གཉིས་བར་རྩོད་རྙོག་དུ་མ་ཞིག་འབྱུང་བཞིན་པའི་སྐབས་འདིར། དེ་རིང་ལྷོ་ཀོ་རི་ཡའི་ནང་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་བྱས་ནས་ཕྱོགས་གཉིས་ཀྱི་རྩོད་རྙོག་རྣམས་སེལ་ཐབས་བྱེད་ཀྱི་ཡོད་འདུག དེ་བཞིན་ཁ་སང་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རིའི་བདེ་སྲུང་ལྷན་ཁང་ངམ(Pentagon)ལ་བཀའ་བཏང་ནས་འཕྲལ་དུ་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་དགོས་ཞེས་བརྗོད་ནས་རྒྱ་ནག་དང་ཨུ་རུ་སུ་ལ་དྲག་པོའི་སྟོབས་ཤུགས་ཐོག་ནས་བརྡ་ལན་ཞིག་སྤྲོད་ཐབས་བྱེད་ཀྱི་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག

པར།  South china morning post

ཕྱི་ཚེས་༣༠ ཉིན་བྷི་བྷི་སི་དང་གཞན་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། དེ་རིང་ཕྱི་ཚེས་༣༠ རེས་ཕུར་བུ་ཉིན་ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་གཉིས་ལྷོ་ཀོ་རི་ཡ་ནང་ཕྱི་ལོ་༢༠༡༩ རྗེས་སུ་ཐེངས་དང་པོ་ཐུག་འཕྲད་བྱས་འདུག་ཅིང་། ཐེངས་འདིའི་ཐུག་འཕྲད་སྐབས་སུ་གཙོ་བོ་ཨ་རྒྱ་གཉིས་བར་ཚོང་འབྲེལ་དང་ཨ་རིས་རྒྱ་ནག་གི་དངོས་ཟོག་ཐོག་ཏུ་སྒོ་ཁྲལ་ཕོན་ཆེན་པོ་ཞིག་བཀལ་ཡོད་ཅིང་། ད་དུང་རྒྱལ་ཁབ་གཉིས་བར་གྲོས་མོལ་དེ་ཡག་པོ་ཞིག་མ་བྱུང་ཚེ་ཕྱི་ཟླ་༡༡ ཚེས་༡ ཉིན་ནས་རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༡༠༠ འགེལ་རྒྱུའི་ཉེན་བརྡ་གཏོང་གི་ཡོད་དུས་ཕྱོགས་གཉིས་བར་འགལ་ཟླ་ཆུང་དུ་གཏོང་ཐབས་བཅས་ཀྱི་ཆེད་དུ་ཡིན་འདུག
དེ་རིང་སྲིད་འཛིན་གཉིས་ཀྱི་ཐུག་འཕྲད་དེ་ལྷོ་ཀོ་རི་ཡའི་གྲོང་ཁྱེར་(Busan)ནང་ཡོད་པའི་གནམ་དམག་གི་རྟེན་གཞི་ཞིག་ཏུ་དུས་ཡུན་སྐར་མ་༤༠ རིང་སྒོ་བརྒྱབ་ནས་གྲོས་མོལ་བྱས་ཡོད་འདུག་ཅིང་། སྐབས་དེ་དུས་གྲོས་མཐུན་ག་རེ་བྱུང་ཡོད་མེད་ད་བར་མི་མང་ལ་ཁ་གསལ་གང་ཡང་ཕྱིར་བསྒྲགས་བྱས་མི་འདུག ཨ་རྒྱ་གཉིས་བར་གནད་དོན་མང་པོ་ཞིག་ཐོག་ཏུ་མི་མཐུན་པའི་གནད་དོན་ཡོང་གི་ཡོད་འདུག་ཅིང་། དཔེར་ན། རྒྱ་ནག་གིས་ཧ་ཅང་དཀོན་པའི་རང་བྱུང་ཐོན་ཁུངས་རིགས་ཨ་རི་ལ་མ་བཙོང་པ་དང་། དེ་བཞིན་ཁ་པར་གཙོས་པའི་གློག་ཆས་རིགས་ལ་ཧ་ཅང་དགོས་མཁོ་ཆེ་བའི་(chips)འཕྲུལ་རིགས་དེ་རྒྱ་ནག་ལ་ཧ་ཅང་དགོས་མཁོ་ཆེན་པོ་ཆགས་བཞིན་ཡོད་འདུག་ཀྱང་། འཕྲུལ་རིགས་དེ་རྒྱ་ནག་ལས་ཨ་རིས་སྔོན་ལ་བཟོ་ཐུབ་ཀྱི་ཡོད་པར་བརྟེན། ཨ་རིའི་གཞུང་གིས་འཕྲུལ་རིགས་དེ་རྒྱ་ནག་ལ་བཙོང་རྒྱུར་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཨ་རྒྱ་གཉིས་བར་མི་མཐུན་པའི་འགལ་ཟླ་ཡོང་བཞིན་ཡོད་འདུག
ད་དུང་གནད་དོན་གཞན་ཡོད་པ་ནི་རྒྱ་ནག་གི་(TikTok)མཉེན་ཆས་དེ་འཛམ་གླིང་ནང་མི་ས་ཡ་མང་པོས་བེད་སྤྱོད་ཀྱི་ཡོད་ཀྱང་། ཨ་རིའི་གཞུང་གིས་མཉེན་ཆས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་ཀྱི་ཡོད་ཅེས་བརྗོད་ནས་ཨ་རི་ནང་བཀག་འགོག་བྱེད་རྒྱུ་གླེང་སློང་ཐེངས་མང་བྱས་ཡོད་ཀྱང་། ད་ལྟ་བཀག་འགོག་བྱས་མེད་པ་དང་། ཨ་རིའི་གཞུང་གིས་མཉེན་ཆས་དེ་བཙོང་དགོས་པའི་དགོས་འདུན་བཏོན་གྱི་ཡོད་ཀྱང་། ཨ་རྒྱ་གཉིས་བར་ད་དུང་ཐག་མ་ཆོད་པར་ལྷག་ཡོད། སྲིད་དོན་མཁས་པ་ཚོས་བརྗོད་དོན་ལ་དེ་རིང་གི་ཐུག་འཕྲད་སྐབས་སུ་མཉེན་ཆས་དེ་བཙོང་རྒྱུའི་རེ་བ་ཡོད་ཚུལ་བརྗོད་མཁན་མང་པོ་བྱུང་འདུག
འཇར་མན་གྱི་གསར་ཁང་(DW)གིས་དེ་རིང་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་སྐབས་ཨ་རིའི་ངོས་ནས་རྒྱ་ནག་ལ་བཀལ་པའི་སྒོ་ཁྲལ་བརྒྱ་ཆ་༥༧ ནས་༤༧ བར་ཉུང་དུ་གཏོང་རྒྱུ་ཁས་ལེན་བྱས་ཡོད་ཚུལ་འདུག་ལ། མཉེན་ཆས་བཙོང་རྒྱུའི་གནད་དོན་དང་། ཧ་ཅང་དཀོན་པའི་རང་བྱུང་ཐོན་ཁུངས། (chips)བཙོང་རྒྱུ་སོགས་ཀྱི་གནད་དོན་མང་ཆེ་བ་ལ་རྒྱལ་ཁབ་གཉིས་བར་བཟང་ཕྱོགས་ཀྱི་གྲོས་མཐུན་བྱུང་ཡོད་ཚུལ་བརྗོད་པ་ལས་ཁ་གསལ་གང་ཡང་བཤད་མི་འདུག དེ་བཞིན་ཐའེ་ཝན་གྱི་གནད་དོན་ཐད་རྒྱལ་ཁབ་གཉིས་བར་གླེང་སློང་ཡོང་སྲིད་པའི་ཚོད་དཔག་བྱེད་མཁན་མང་པོ་ཡོད་ཀྱང་། ད་ལྟ་གླེང་སློང་བྱས་ཡོད་མེད་ཁ་གསལ་མི་འདུག
གནད་དོན་གཞན་ཞིག་ལ་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རིའི་བདེ་སྲུང་ལྷན་ཁང་ལ་བཀའ་བཏང་ནས་རྒྱལ་ཁབ་གཞན་གྱིས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་ཀྱི་ཡོད་པས། ཨ་རིས་ཀྱང་འཕྲལ་དུ་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་དགོས་ཞེས་(X)སྤྱི་ཚོགས་དྲ་ལམ་ཐོག་ཏུ་གནས་ཚུལ་བཀོད་པའི་གནད་དོན་དེ་ལ་གླེང་སློང་ཆེན་པོ་བྱེད་བཞིན་འདུག རྒྱུ་མཚན་ནི་ཕྱི་ལོ་༡༩༩༦ ནང་ཨ་རིའི་སྲིད་འཛིན་(George H.W. Bush)སྐབས་སུ་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱ་རྒྱུར་བཀག་འགོག་གི་ཁྲིམས་འཆར་ཞིག་ལ་ཨ་རིའི་གྲོས་ཚོགས་གོང་མ་ནས་ཆོག་མཆན་ཐོབ་ནས་ད་བར་ལོ་༣༣ ནང་ཚོད་ལྟ་བྱེད་མྱོང་མི་འདུག འོན་ཀྱང་། རྡུལ་ཕྲན་མཚོན་ཆའི་སྐོར་གྱི་མཁས་པ་ཚོས་ཐེངས་འདི་ཨ་རིས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་དགོས་པའི་རྒྱུ་མཚན་དེ་ཙམ་མེད་ཀྱང་། ཨུ་རུ་སུ་དང་ཨ་རི་གཉིས་བར་བཞག་པའི་གོ་མཚོན་བཀག་འགོག་གི་གྲོས་མཐུན་ཞིག་གི་དུས་ཡུན་ཕྱི་ལོ་༢༠༢༦ ནང་རྫོགས་ཀྱི་ཡོད་པར་བརྟེན། དེ་བསྐྱར་གསོ་ཡོང་ཐབས་སུ་ཐབས་བྱུས་ཤིག་ཡིན་སྲིད་པའི་སྐོར་བཤད་མཁན་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།