ཨ་རི་ནས་བོད་པའི་བུ་ལོ་༡༦ ཅན་ཞིག་ལ་མེ་མདའ་བརྒྱབས་ཏེ་བསད་ཡོད་འདུག
ཨ་རིའི་མཱ་ས་ཆུ་སེ་ཏི་མངའ་སྡེའི་གྲོང་ཁྱེར་སཱོ་མེར་ཝེལ་ཞེས་པར་རང་ལོ་༡༦ ལས་མ་སོན་པའི་བོད་པའི་བུ་བསྟན་འཛིན་ཀུན་མཁྱེན་ལ་མེ་མདའ་བརྒྱབས་ཏེ་བསད་ཡོད་འདུག
ཨ་རིའི་བྷོ་སི་ཊོན་གོ་ལའི་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་༨ པའི་ཚེས་༢༩ ཡི་ཉིན་རྒྱབ་ཏུ་ཨ་རིའི་མཱ་ས་ཆུ་སེ་ཏི་མངའ་སྡེའི་གྲོང་ཁྱེར་སཱོ་མེར་ཝེལ་གྱི་ས་གནས་14 Farragut Aveཡི་ཁང་པ་ཞིག་གི་ནང་དུ། བོད་པའི་བུ་རང་ལོ་༡༦ ལས་མ་སོན་ཞིང་སཱོ་མེར་ཝེལ་གྱི་སློབ་གྲྭའི་ནང་སློབ་སྦྱོང་བྱེད་བཞིན་པ་བསྟན་འཛིན་ཀུན་མཁྱེན་གྱི་བྲང་ཁར་མེ་མདའ་བརྒྱབས་ཡོད་འདུག་ཅིང་། གནས་ཚུལ་དེ་ཤེས་རྟོག་བྱུང་རྗེས་མཱོན་ཊི་ཨུ་བྷུམ་སྨན་ཁང་ཞེས་པར་འཁྱེར་ཡོད་འདུག་ཀྱང་གསོན་མ་ཐུབ་པར་འདས་གྲོངས་སུ་སོང་ཡོད་འདུག
ད་ལྟ་ཁོང་ལ་མེ་མདའ་རྒྱག་མཁན་སུ་ཡིན་མིན་དང་། རྒྱུ་མཚན་ག་རེ་བྱས་ནས་མེ་མདའ་བརྒྱབས་ཡོད་མེད་ཐད་ཉེན་རྟོག་པས་རྩད་གཅོད་བྱེད་བཞིན་པའི་སྒང་ཡིན་འདུག་ཀྱང་། གནད་དོན་དེ་དང་འབྲེལ་ནས་མི་སུ་གང་འཛིན་བཟུང་བྱས་མེད་འདུག དྲག་སྤྱོད་དེ་དང་འབྲེལ་བའི་ཐོག་ནས་སྤྱི་ཚོགས་ཁྱོན་ཡོངས་ལ་ཉེན་ཁ་མེད་སྐོར་ཉེན་རྟོག་པས་བརྗོད་ཡོད་འདུག
དེ་སྔོན་བསྟན་འཛིན་ཀུན་མཁྱེན་གྱི་ཕ་མ་གཉིས་རྒྱ་གར་ནས་ཨ་རིར་གནས་སྤོས་བྱས་ཡོད་འདུག་ཅིང་། འདས་པོ་ཁོང་སཱོ་མེར་ཝེལ་གྲོང་ཁྱེར་ནང་འཚར་ལོང་བྱུང་ཡོད་འདུག
ཁོང་གི་སློབ་གྲོགས་དང་ངོ་ཤེས་ཚོས་ཁོང་ནི་བུ་ཡ་རབས་སྤྱོད་བཟང་ཞིག་ཡིན་སྐོར་བརྗོད་ཡོད་འདུག་ཅིང་། ནམ་རྒྱུན་ནས་དུག་རྫས་རིགས་དང་ཆང་རག་སོགས་མི་སྤྱོད་མཁན་ཞིག་ཡིན་སྐོར་འདུག
བྷོལ་སི་ཊོན་བོད་རིགས་ཚོགས་པ་ཞིག་གི་མགྲིན་ཚབ་པ་བསོད་ནམས་ཀྱིས། ཁོང་འདས་གྲོངས་སུ་སོང་ཡོད་སྟབས་ནང་མི་རྣམས་སེམས་ངལ་དུ་ལྷུང་ཡོད་པ་དང་། གནས་ཚུལ་དེ་འདྲ་བྱུང་ཡོང་བསམ་བསམ་མེད་དུས་གཉེན་ཉེ་རྣམས་ཧང་སང་ཡོད་སྐོར་བརྗོད་ཡོད་འདུག
གྲོང་སྡེའི་སྤྱི་ཁྱབ་པ་དང་མཱོལ་ཌེན་སློབ་གྲྭ་གཉིས་མཉམ་འབྲེལ་ཐོག་བསྒྲགས་གཏམ་ཞིག་སྤེལ་ནས། ཁོང་ཚོའི་སློབ་ཕྲུག་གི་ཚེ་སྲོག་ཤོར་བར་སེམས་སྐྱོ་པོ་བྱུང་སྐོར་དང་། ལྷག་པར་དུ་འདས་པོ་ཁོང་ཤིན་ཏུ་ལོ་གཞོན་ཞིག་ཡིན་སྟབས་སེམས་ལ་ན་ཟུག་དྲག་པོ་བྱུང་སྐོར་བཅས་བརྗོད་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།
